དགོངས་པ་

མིང་ཚིག

1 ཞེ་ས། བསམ་པའམ་བསམ་བློ།

དཔེར་ན། དགོངས་པ་ལྟར་ལེགས་འགྲུབ་བྱུང་། ལྟ་བུ།

2 ཆོས་ལུགས། སྔགས། མ་ཧཱ་ཡོ་ག དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་ལ་བྱ་སྟེ། མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ། དེར་གསང་སྔགས་ཀྱི་དགོངས་པ་མ་ལུས་པའི་གཞི་བཅས་ཏེ་བསྟན་པའི་ཕྱིར་ཏེ། འདི་ལྟར་དེར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་བཀོད་པའི་རྒྱན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་གཞུང་བཙུགས་ཏེ། རྣལ་འབྱོར་གྱི་ཚུལ་གཙོ་བོར་མཛད་ནས་སྔགས་ཀྱི་ཁོག་པ་བཀྲོལ་ཏེ་བསྟན་ཏོ། །ཞེས་གསུངས།

--

དགོངས་པ་ཀུན་འདུས་

མིང་ཚིག

ཆོས་ལུགས། མདོ་དགོངས་པ་འདུས་པའི་རྒྱུད་ཀྱི་མཚན་ཞིག་སྟེ། རྒྱུད་དེར་བྱིན་རླབས་འབྱུང་བའི་རྒྱུད་ཀྱི་དབང་དུ་བྱས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ནང་གསེས་གཅིག་ཡིན།

--

དགོངས་པ་ཀློང་དུ་གྱུར་པའི་གདེང་དྲུག་

མིང་ཚིག

ཆོས་ལུགས། ཆོས་རྣམས་མཐའ་བྲལ་དབུ་མར་རྟོགས་པ་དང༌། ། ཟུང་འཇུག་འོད་གསལ་ཆེན་པོར་རྟོགས་པ་དང༌། །མཉམ་ཉིད་བདེ་བ་ཆེན་པོར་རྟོགས་པ་དང༌། །གཉིས་མེད་ཐིག་ལེ་ཉག་ཅིག་རྟོགས་པ་དང༌། །ལྷུན་གྲུབ་ཕྱོགས་བྲལ་ཆེན་པོར་རྟོགས་པ་དང༌། །ཀ་དག་རྣལ་མར་རྟོགས་པ།

--

དགོངས་པ་ཀློང་འབྱམས་ཐོགས་པ་མེད་པ་གསུམ་

མིང་ཚིག

ཆོས་ལུགས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས། ༡ དབང་པོ་ཀློང་འབྱམས་ཐོགས་མེད་ནམ་མཁའི་དགོངས་པ། ༢ ཆོས་ཉིད་སྐྱེ་བ་མེད་པའི་ཀློང་འབྱམས་འཛིན་ཆགས་མེད་པའི་དགོངས་པ། ༣ ཡེ་ཤེས་རང་གསལ་མ་གཡོས་པའི་ཀློང་འབྱམས་ཡུལ་མེད་ཀྱི་དགོངས་པའོ། །

--

དགོངས་པ་ཁྲེལ་བ་

མིང་ཚིག

1 ཡིད་ལོག་པའམ་ཐུགས་བློ་འགྱུར་བའི་དོན།

2 ཚིག་པ་ཟ་བའམ་ཁོང་ཁྲོ་བ།

--

དགོངས་པ་གཞན་པའི་མདོ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྤྱོད་པའི་འདྲེན་སྒོ་འགྲོལ་བར་བྱེད་པའི་མདོ་བཞིའི་ཡ་གྱལ་ཞིག་སྟེ། གཞན་ལ་དགོངས་ནས་གཞན་དུ་སྨྲ་བའི་དགོངས་པར་གནས་པའི་ཕྱིར་དགོངས་པ་གཞན་པའི་མདོ་ཞེས་བྱ། དེའི་ཚུལ་གཟི་ལྡན་འཆར་ཁའི་འོད་སྣང་ལས། མཉམ་པ་ཉིད་ཀྱི་རང་བཞིན་ལ་དགོངས་པ་དང༌། དུས་གཞན་ལ་དགོངས་པ་དང༌། དོན་གཞན་ལ་དགོངས་པ་དང༌། གང་ཟག་གི་བསམ་པའི་ཡུལ་གཞན་ལ་དགོངས་པ་དང་བཞིའོ། །ཞེས་པ་ལྟར། མཉམ་པ་ཉིད་ལ་དགོངས་པ་དང། དུས་གཞན་ལ་དགོངས་པ་དང། དོན་གཞན་ལ་དགོངས་པ་དང། གང་ཟག་གི་བསམ་པ་ལ་དགོངས་པ་བཅས་བཞིར་ཕྱེའོ། །

--

དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུར་བཤད་པ་

མིང་ཚིག

སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུར་བཤད་པ། བསྟན་འགྱུར་སེམས་ཙམ་བི་པར་བཞུགས།

--

དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། བྱུང་ཚུལ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་ཆོས་འཇིག་རྟེན་དུ་བྱུང་བའི་སྐབས་བཅུ་གཉིས་སུ་གསུངས་པ་ལས། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་སྙིང་པོ་བྱང་ཆུབ་ཀྱི་དོན་ཉིད། ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བ། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བ། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བ་སྟེ་སྐྱེ་བ་བཞིས་ངེས་པར་འགྲེལ་པ་གང་གི་དུས་ན་ཡང་གསང་སྔགས་འབྱུང་སྟེ། འདིའི་ཚུལ་མདོ་དགོངས་པ་འདུས་པ་ལེའུ་བཅུ་དྲུག་པ་ནས་བཅུ་དགུ་བའི་བར་གསལ།

--

དགོངས་པ་ཅན་གྱི་མདོ་

མིང་ཚིག

1 ཆོས་ལུགས། མདོ། ཕར་ཕྱིན། དགོངས་གཞི་གཞན་ལ་དགོངས་ནས་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པའི་དྲང་དོན་གྱི་མདོར་དམིགས་པ། དེའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། མདོ་སྡེ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་ནས་རྣམ་པ་བཞིར་ཤེས་བྱ། །ཞེས་པ་ལྟར། མཉམ་པ་ཉིད་ལ་དགོངས་པའི་མདོ། དོན་གཞན་ལ་དགོངས་པའི་མདོ། དུས་གཞན་ལ་དགོངས་པའི་མདོ། གང་ཟག་གི་བསམ་པ་ལ་དགོངས་པའི་མདོ་དང་བཞི། དང་པོ་ནི། བདག་ཅག་གི་སྟོན་པས་སངས་རྒྱས་རྣམ་གཟིགས་ཀྱི་བསྔགས་པ་བརྗོད་པ་ན་འཁོར་འགའ་ཞིག་བདག་ཅག་གི་སྟོན་པ་ནི་དེ་བས་དམན་བའོ་སྙམ་དུ་སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས་ང་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ། མཉམ་པ་ཉིད་གསུམ་ནི། སངས་རྒྱས་ཐམས་ཅད་རྒྱུ་ཚོགས་གཉིས་བསགས་པར་མཉམ། འབྲས་བུ་ཆོས་སྐུ་ཐོབ་པར་མཉམ། འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འཇུག་པར་མཉམ་པ་ཡིན་ཏེ། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་སྒྲ་ཅན་གཉིས་དང༌། །ཡུལ་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་དོན་གཞན་ལ་དགོངས་པ་ཡིན་ཏེ། ཕ་མ་དང་འདྲ་བའི་ལས་སྲེད་སྤང་བྱ་དང༌། རྒྱལ་པོ་དང་འདྲ་བའི་ཡིད་ཀྱི་རྣམ་ཤེས། གཙང་སྒྲ་ཅན་དགེ་སློང་དང་བྲམ་ཟེ་གཉིས་དང་འདྲ་བའི་ལྟ་བ་མཆོག་འཛིན་གྱི་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གཉིས་དང༌། ཡུལ་འཁོར་དང་བཅས་པ་དང་འདྲ་བའི་སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པ་རྣམས་ལ་བདེན་ཞེན་བཅོམ་པས་འཁོར་བ་ལས་གྲོལ་བར་འགྱུར་བ་ལ་དགོངས་པའི་ཕྱིར། མདོ་དེའི་དངོས་ཟིན་ལས་གཞན་དུ་དྲང་བའི་དོན་ནི། ལས་དང་སྲེད་པ་སྤང་བྱ་ཞིང༌། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་གྲོལ་བ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་ཡིན་ནོ། །གསུམ་པ་ནི། ལེ་ལོ་ཅན་འགའ་ཞིག་རྗེས་སུ་གཟུང་བའི་ཕྱིར་དུ་མ་འོངས་པར་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལ་དགོངས་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལན་ཅིག་བཏབ་པ་ལ་བརྟེན་ནས་དེ་མ་ཐག་ཏུ་དེར་སྐྱེ་བར་སྟོན་པའི་མདོ་ལྟ་བུ། བཞི་པ་ནི། སྦྱིན་པ་ཅུང་ཟད་བཏང་བ་ཙམ་གྱིས་འཁོར་བ་ལས་གྲོལ་བར་འཛིན་པའི་གང་ཟག་འགའ་ཞིག་ལ་དགོངས་ནས་ཚུལ་ཁྲིམས་ཀྱི་བསྔགས་བ་བརྗོད་ཅིང་སྦྱིན་པ་ལ་སྨད་པའི་མདོ་ལྟ་བུ།

2 དགོངས་གཞི་གཙོ་བོར་གྱུར་པའི་མདོ་དེ་དགོངས་པ་ཅན་གྱི་མདོའི་མཚན་ཉིད། དེ་ལ་དབྱེ་ན། མཉམ་པ་ཉིད་ལ་དགོངས་པ། དོན་གཞན་ལ་དགོངས་པ། དུས་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ་དགོངས་པ་བཞི། མཉམ་ཉིད་གསུམ་ནི། སངས་རྒྱས་ཐམས་ཅད་ཚོགས་གཉིས་རྫོགས་པར་མཉམ་པ། ཆོས་སྐུ་བརྙེས་པར་མཉམ་པ། །འཕྲིན་ལས་ལྷུན་གྲུབ་ཏུ་སྤྱོད་པར་མཉམ་པ་ཉིད་བཅས་ཡིན་ནོ། །

3 དགོངས་གཞི་གཙོ་བོར་སྟོན་པའི་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་གྱི་མདོ་ཞིག་ལ་དགོངས་པ་ཅན་གྱི་མདོ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་མདོ་གང་ཞིག། དགོངས་གཞི་གཙོ་བོར་གྱུར་པ་དགོངས་པ་ཅན་གྱི་མདོའི་མཚན་ཉིད། དེ་ལ་དབྱེ་ན། མཉམ་པ་ཉིད་ལ་དགོངས་པ། དོན་གཞན་ལ་དགོངས་པ། དུས་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ་དགོངས་པ་དང་བཞི་ཡོད།

--

དགོངས་པ་ཅན་གྱི་རྒྱན་

མིང་ཚིག

རྩོམ་རིག སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་སོ་ལྔ་པ་སྟེ། རྗོད་བྱེད་ཀྱི་ཚིག་ཕན་ཚུན་འབྲེལ་ཆགས་ཤིང་། སྐབས་སུ་མ་བབ་པའི་ཚིག་རོས་མ་བསྒྲིབས་པ། ཉམས་སྣ་ཚོགས་ཀྱི་སྒོ་ནས་བརྗོད་ཀྱང་དོན་དེར་འབབ་པ། དོན་ཟབ་པ་རྣམས་ཀྱང་ཚིག་གིས་གསལ་པོར་མཚོན་ནུས་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་སྒོ་ནས་སྙན་ངག་མཁན་གྱིས་བསམ་པས་སྦྱར་བ་ཞིག་ལ་དགོངས་པ་ཅན་གྱི་རྒྱན་ཞེས་བརྗོད་པ་ཡིན། རྒྱན་འདིའི་ཐད་བོད་ཀྱི་སྔོན་བྱོན་སྙན་གཞུང་མཛད་པ་པོའི་ཁྲོད་དཔེར་བརྗོད་ཟུར་དུ་འཇོག་མིན་རིགས་གཉིས་ཡོད་ཀྱང་། དཔེར་བརྗོད་ཟུར་དུ་མཛད་པ་ལྟར་ན། རྒྱལ་དབང་ལྔ་པ་ཆེན་མོའི་དབྱངས་ཅན་དགྱེས་གླུ་རུ། མེ་ལོང་དང་མཚུངས་མེ་ལོང་གཞུང་ལུགས་ལས། །མཁས་པའི་གསུང་བཞིན་མཁས་པའི་གོ་འཕང་དག། ། མངོན་གྱུར་ཕྱིར་ན་མངོན་གྱུར་ང་རྒྱལ་དག། །སྤངས་ཏེ་ལོག་རྟོག་སྤངས་ཕྱིར་འདི་བརྩམས་སོ། །ལྟ་བུ།

--

དགོངས་པ་ཅན་བཞི་

མིང་ཚིག

དེ་ལ་དགོངས་པ་བཞི་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་ང་ཉིད་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་མཉམ་པ་ཉིད་ལ་དགོངས་པ་དང། ཆོས་ལ་བརྙས་པའི་གཉེན་པོར། སངས་རྒྱས་བྱེ་བ་ཕྲག་དཔག་ཏུ་མེད་པ་ལ་བསྙེེན་བཀུར་བྱས་ན་ཆོས་དེ་རྟོགས་པར་འགྱུར་རོ་ཞེས་དོན་གཞན་མངོན་སུམ་དུ་རྟོགས་པ་ལ་དགོངས་པ་དང། ལེ་ལོོའི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་ན་དེར་སྐྱེའོ་ཞེས་དུས་གཞན་ལ་དགོངས་པ་དང། དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར། དགེ་བ་འདི་ལྟ་བུ་ནི་དམན་ལ་གཞན་ནི་མཆོག་གོ་ཞེས་གང་ཟག་གི་བསམ་པ་ལ་དགོངས་པའོ། །གཞན་ཡང་ང་རྒྱལ་དང། འདོད་ཆགས་དང། འགྱོད་པ་དང། མ་ངེས་པ་ལྡོག་པའི་གཉེན་པོར་སངས་རྒྱས་ཀྱི་སྐུ་ལ་བསྔགས་པ་དང། དག་པའི་ཞིང་ལ་བསྔགས་པ་དང། མཚམས་མེད་བྱས་པ་ཡང་མཐོ་རིས་སུ་སྐྱེ་བར་གསུངས་པ་དང། ཉན་ཐོས་དགྲ་བཅོམ་པ་སངས་རྒྱས་སུ་ལུང་བསྟན་པ་རྣམས་ཀྱང་དགོངས་པ་ཅན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །

--

དགོངས་པ་དཔག་པར་དཀའ་བའི་ཆོས་དྲུག་

མིང་ཚིག

ཆོས་ལུགས། རྒྱལ་སྲས་ཀུན་གྱི་སྤྱོད་པ་མ་ལུས་པ། །གཅིག་ཏུ་བསྡོམས་པ་བདག་གིས་སྤྱད་སྙམ་དང༌། །བདག་གིས་བྱང་ཆུབ་ཐོབ་ཚེ་བདེ་གཤེགས་རྣམས། །ཀུན་མཉམ་འཕྲིན་ལས་བདག་གིས་བསྒྲུབ་སྙམ་དང༌། །སེམས་ཅན་རེ་རེའི་ཕྱིར་ཡང་བདག་གིས་ནི། ། བསྐལ་པ་གྲངས་མེད་སྡུག་བསྔལ་བཟོད་སྙམ་དང༌། །རྒྱལ་སྲས་རྣམས་ཀྱིས་སྤྱད་པར་མ་ནུས་པའི། །སེམས་ཅན་དོན་རབ་དཀའ་བ་སྤྱད་སྙམ་དང༌། །དཔག་ཏུ་མེད་པའི་ཞིང་ཁམས་རེ་རེར་ཡང༌། །སངས་རྒྱས་མཛད་བ་བསམ་ཡས་བསྒྲུབ་སྙམ་དང༌། །དེ་དག་བདག་གིས་རྫོགས་པར་མ་བྱས་ན། །རྒྱལ་བ་སྲས་བཅས་བསླུས་པར་འགྱུར་སྙམ་པའི། །གོ་ཆ་ཆེན་པོ་དྲུག་ནི་རྟག་ཏུ་བགོ ། ཞེས་སོ། །

--

དགོངས་པ་བཞི་

མིང་ཚིག

ཆོས་ལུགས། ༡ མཉམ་པ་ཉིད་ལ་དགོངས་པ་ནི། འདས་པའི་སངས་རྒྱས་དང་། ཤཱཀྱ་ཐུབ་པ་གཉིས་ཆོས་ཀྱི་སྐུ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། སེམས་ཅན་དོན་གྱི་ཕྲིན་ལས་ལས་མཛད་པ་རྣམས་ཆེ་ཆུང་མི་མངའ་བའི་སྒོ་ནས་སངས་རྒྱས་ཤཱཀྱ་ཐུབ་པས་སྔ་མ་འདས་པའི་སངས་རྒྱས་ཀྱང་ང་ཉིད་ཡིན་ནོ་ཞེས་གསུངས་པ་ནི་མཉམ་པ་ཉིད་ལ་དགོངས་པའོ། ། ༢ དུས་གཞན་ལ་དགོངས་པ་ནི། སངས་རྒྱས་འོད་དཔག་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སངས་རྒྱས་གཅིག་ཙམ་གྱི་མཚན་བརྗོད་པ་ཙམ་གྱིས་ཀྱང་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་ཡང་དེས་འཕྲལ་དུ་འཚང་རྒྱ་བ་མིན་གྱི། རྒྱུ་དེ་ཙམ་ལ་བརྟེན་ཏེ་བསྒྲུབས་ན་ནམ་ཞིག་འཚང་རྒྱ་བ་དང་། སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ཡང་འཕྲལ་དུ་མི་འགྱུར་གྱི། ནམ་ཞིག་ན་རྒྱུར་འགྱུར་བས་ན་དུས་གཞན་ལ་དགོངས་པའོ། ། ༣ དོན་གཞན་ལ་དགོངས་པ་ནི། སངས་རྒྱས་གང་གཱ་སྙེད་ལ་བསྙེན་བཀུར་མ་བྱས་ན་མདོ་སྡེ་འདི་ཐོས་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་འཕྲལ་དུ་མཐོང་བ་ཙམ་ལ་མི་བྱའི། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ལ་བྱ་བས་ན་དོན་གཞན་ལ་དགོངས་པའོ། ། ༤ གང་ཟག་གཞན་ལ་དགོངས་པ་ནི། ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕྱོགས་གང་ལ་དད་ཅིང་ནུས་པ་དེ་ལ་བསྔགས་ཏེ་སྤྱོད་དུ་གཞུག་པ་དང་། ཡང་ན་ཚུལ་ཁྲིམས་བསྲུང་བ་ཉི་ཚེས་ཆོག་གོ་སྙམ་དུ་སེམས་པ་ལ་དགེ་བ་གཞན་ཡང་བྱེད་དུ་གཞུག་པའི་ཕྱིར་ཚུལ་ཁྲིམས་སྨད་ལ་སྦྱིན་པ་བསྔགས་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་ཀུན་ལ་སྦྱོར་བ་ནི་གང་ཟག་གཞན་ལ་དགོངས་པའོ། །

--

དགོངས་པ་བརྡའི་གསུང་

མིང་ཚིག

ཆོས་ལུགས། རྙིང་རྒྱུད་དུ། སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་བརྡ་སྤྲོད་པའི་བདག་ཉིད་ཅན་ཏེ། སྐྱེ་མེད་དོན་གྱི་གསུང་། དགོངས་པ་བརྡའི་གསུང་། བརྗོད་པ་ཚིག་གི་གསུང་། དབྱེར་མེད་རྡོ་རྗེའི་གསུང་། མངོན་བྱང་གི་གསུང་སྟེ་ལྔ་བསྟན་པའི་ཡ་གྱལ་ཞིག།

--

དགོངས་པ་བཤད་པའི་ལེའུ་

མིང་ཚིག

དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།

--

དགོངས་པ་མི་འགྱུར་བའི་གཟེར་

མིང་ཚིག

ཆོས་ལུགས། སྔགས། མ་ཧཱ་ཡོ་ག རྙིང་མ། དགོངས་པ་མི་འགྱུར་བའི་གཟེར་ནི། སྲོག་སྡོམ་གཟེར་བཞིའི་ཡ་གྱལ་ཞིག་སྟེ། འདི་ལ་ཆོས་ཉིད་ཀྱི་གཟེར་ཞེས་ཀྱང་གྲགས། སྲོག་སྡོམ་གཟེར་བཞིའི་ཡ་གྱལ། ཆོས་ཉིད་དག་མཉམ་སྟོང་པ་ཆེན་པོ་རྟོགས་པའི་ལྟ་བ་དེས་མར་འཁོར་བའི་དུས་སུ་སེམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཚེ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་བདེ་གསལ་མི་རྟོག་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །

--

དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་

མིང་ཚིག

མདོ་འགྲེལ་ཞིག་སྟེ། ཐང་རྒྱལ་རབས་སྐབས་ཡོན་ཚེས་བརྩམས་ཤིང༌། འགོས་ཆོས་འགྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར། བར་སྐབས་རྒྱ་ཡིག་ཆ་ལག་མི་ཚང་བར་གྱུར་ཀྱང༌། བོད་ཡིག་པོ་ཏི་ཆ་ཚང་ཡོད་པར་བརྟེན་ཉེ་ཆར་རྒྱ་ལོ་ཙཱ་བ་བྱམས་པ་ཀུན་མཁྱེན་གྱིས་མ་ཚང་བ་རྣམས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར།

--

དགོངས་པ་འགྲེལ་བ་བསྟན་བཅོས་བཤད་པ་ལ་ལྔ་

མིང་ཚིག

ཆོས་ལུགས། བསྟན་བཅོས་རྩོམ་པ་པོ། བསྟན་བཅོས་ཀྱི་མཚན་ཉིད། བསྟན་བཅོས་ཀྱི་ངེས་ཚིག བསྟན་བཅོས་ཀྱི་དབྱེ་བ། ཞར་བྱུང་བླང་དོར་གྱི་གནས་བཤད་པ།

--

དགོངས་པ་འདུས་པའི་ལུང་གི་ལེའུ་

མིང་ཚིག

བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

--

དགོངས་པ་འཚོམས་པ་

མིང་ཚིག

ཞེ་ས། ཁོང་ཁྲོ་ཟ་བའམ་རླུང་ལངས་པའི་དོན་ཏེ།

དཔེར་ན། ལས་ཀར་དུས་ཐོག་ཏུ་མ་སླེབས་པས་འགོ་ཁྲིད་དགོངས་པ་འཚོམས་པ་ལྟ་བུ།

--

དགོངས་པ་རབ་གསལ་

མིང་ཚིག

བླ་ཆེན་དགོངས་པ་རབ་གསལ་ཏེ། རབ་བྱུང་དང་པོའི་མེ་ཡོས་ཡན་གྱི་ལོ་བདུན་ཅུ་དོན་ལྔ་ཆུ་བྱི་ཕྱི་ལོ་༩༥༢ ལོར་འཕན་ཡུལ་ཞོགས་པར་འཁྲུངས། ཆུང་དུས་ནས་མདོ་ཁམས་དན་ཏིག་ཏུ་བྱོན། རབ་བྱུང་སྒྲུབ་དུས་མཁན་པོ་གཙང་རབ་གསལ་དང་སློབ་དཔོན་གཡོ་དགེ་འབྱུང་གཉིས་མིང་དྲས་ཏེ། དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་བཏགས། རང་ལོ་ཉེར་གཉིས་པ་ས་སྟག་ཕྱི་ལོ་༩༧༣ ལོར་སྔར་གྱི་མཁན་སློབ་གསུམ་དང་རྒྱའི་དགེ་སློང་ཀེ་ཝང་དང་གྱི་ཕན་གཉིས་ཁ་སྐོང་བྱས་ཏེ་བསྙེན་པར་རྫོགས། བུ་སྟོན་ལུགས་ལྟར་བ་བསྟན་པ་ཕྱི་དར་གྱི་མགོ་དེ་ནས་ཚུགས་པ་ཡིན། ལོ་ཉེར་བདུན་ཕྱི་ལོ་༩༧༨ལོ་ལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་མི་བཅུ་ལ་བསྙེན་རྫོགས་ཀྱི་སྡོམ་ཕོག་སྟེ། དེ་རྣམས་དབུས་གཙང་དུ་ལོག། འབྲོམ་སྟོན་གྱི་ལུགས་ལྟར་ན་བསྟན་པ་ཕྱི་དར་གྱི་མགོ་དེ་ནས་ཚུགས་པར་འདོད་། གང་ལྟར་བསྟན་པའི་མེ་རོ་སྨད་ནས་ལངས་ཞེས་པ་ལྟར་འདུལ་བསྟན་རྒྱ་ཆེར་སྤེལ་བས་འདུལ་བ་སྨད་ལུགས་སུ་གྲགས་སོ། །

--

དགོངས་པ་རབ་ཏུ་གསལ་བའི་རྣམ་བཤད་

མིང་ཚིག

དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ཞེས་བྱ་བ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པ།

--

དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། བྱུང་ཚུལ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་ཆོས་འཇིག་རྟེན་དུ་བྱུང་བའི་སྐབས་བཅུ་གཉིས་སུ་གསུངས་པ་ལས། འདི་ནི་མ་ལ་ཡར་ལང་ཀའི་བདག་པོས་བསྐུལ་བས་གསང་བའི་བདག་པོས་སྐུ་བཞི་ལས་ཐོས་པའི་རྒྱལ་བ་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་རྣམ་པར་བགྲོ་ཞིང་གསུངས་པ་གང་གི་ཚེ་ན་གསང་སྔགས་བྱུང་པ་ལྟ་བུའོ། །

--

དགོངས་པ་རྣལ་དུ་བཞག་པའི་ལེའུ་

མིང་ཚིག

བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

--

དགོངས་པ་རྫོགས་པ་

མིང་ཚིག

ཞེ་ས། ཤི་བའམ་གྲོངས་པའི་དོན་ཏེ།

དཔེར་ན། ཁོང་དགོངས་པ་རྫོགས་པར་མཆོད་འབུལ་རྒྱ་ཆེ་བྱས་ལྟ་བུ།

--

དགོངས་པ་ལས་མི་འདའ་བ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། མི་འདའ་བ་རྒྱན་གྱི་ལུང་གི་ནང་གསེས་ཤིག་སྟེ། འདིའི་དོན་ནི་དོན་ཤིན་ཏུ་གསལ་བའི་དགོངས་པ་ལས་མི་འདའ་བར་དེ་ཁོ་ན་ཉིད་ལ་འགྱུར་བ་མེད་པར་བཞུགས་པའི་བརྡར་ཤར་བ་སྐུ་མདོག་མཐིང་ནག་འབར་བ་སྟེ། ལྷ་རྒྱུད་ལས། སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན། །ཞེས་གསུངས།

--

དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་

མིང་ཚིག

རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྣར་ཐང་དཀར་ཆག་ཏུ་“ལྔ་པའི་གསན་ཡིག་ཏུ་དྷརྨ་ཤྲཱིའི་ཚབ་ཏུ་ཤྲད་དྷ་ཀ་ར་ཝརྨ་བྱུང་”ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།