བསམ་པ་

མིང་ཚིག

1 བསམ་བློ་གཏོང་བའི་དོན་གྱི་སེམས་ཀྱི་མ་འོངས་པའི་བྱ་མིང་།

2 མི་སོ་སོའི་སེམས་ཀྱི་ཀུན་སློང་དང་། འདུ་ཤེས།

དཔེར་ན། བསམ་པ་བཟང་པོ་བདེ་སྐྱིད་ཀྱི་རྩ་བ་ཡིན། མི་ལ་བསམ་པ་དཀར་པོ་བཟུང་ན་རང་ལ་དགེ་ལྟ་བུ།

--

བསམ་པ་ཉེ་བར་གཞོག་པ་བཅུ་

མིང་ཚིག

ཆོས་ལུགས། ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་སྟེ། ༡ མགོན་མེད་པ། སྐྱབས་མེད་པ། རྟེན་མེད་པའི་སེམས་ཀྱི་བསམ་པ། ༢ རྟག་ཏུ་ཕོངས་པའི་སེམས་ཀྱི་བསམ་པ། ༣ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ཀུན་ནས་འབར་བའི་སེམས་ཀྱི་བསམ་པ། ༤ སྲིད་པའི་བཙོན་རས་བཟུང་བའི་སེམས་ཀྱི་བསམ་པ། ༥ རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པའི་ཐིབས་པོས་བསྒྲིབས་པའི་སེམས་ཀྱི་བསམ་པ། ༦ བརྟག་པའི་མཐུ་མེད་པའི་སེམས་ཀྱི་བསམ་པ། ༧ དགེ་བའི་ཆོས་ལ་མོས་པ་མེད་པའི་སེམས་ཀྱི་བསམ་པ། ༨ སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཤིན་ཏུ་གོལ་བའི་སེམས་ཀྱི་བསམ་པ། ༩ འཁོར་བའི་རྒྱུད་ཀྱི་རྗེས་སུ་འབབ་པའི་སེམས་ཀྱི་བསམ་པ། ༡༠ ཐར་པའི་ལམ་གྱིས་དངངས་པའི་སེམས་ཀྱི་བསམ་པ་དང་། སེམས་ཀྱི་བསམ་པ་འདི་བཅུ་ཉེ་བར་གཞོག་གོ །

--

བསམ་པ་དག་པའི་ཆོས་དྲུག་

མིང་ཚིག

ཆོས་ལུགས། ཚིག་འདིས་དོན་ནི་ཅི་ཞིག་བསྟན་སྙམ་པ། དབྱེ་ན་གང་ཡིན། བསྡུ་ན་ཇི་ལྟ་བུ། རྣམ་གྲངས་ཅི་ཞིག།གང་གི་ཕྱོགས་སུ་གཏོགས་པ། དྲིལ་ནས་ཉམས་ལེན་མཐའ་ནི་གང་ཡིན་ཞེས། །ལེགས་པར་བསམས་པས་རིན་ཆེན་ཆོས་སྒོ་འབྱེད། །ཅེས་སོ། །

--

བསམ་པ་ཕུན་སུམ་ཚོགས་པ་

མིང་ཚིག

ཆོས་ལུགས། ཆོས་ནས་ཇི་ལྟར་འབྱུང་བ་བཞིན་དུ་བསྒྲུབ་པའི་བསམ་པས་རབ་ཏུ་བྱུང་བ་ཡིན་གྱི་འཚོ་བའི་བསམ་པས་མ་ཡིན། བྱང་ཆུབ་ཆེན་པོ་དོན་དུ་གཉེར་གྱི་མི་གཉེར་བ་མ་ཡིན་པའོ། །

--

བསམ་པ་བཅུ་

མིང་ཚིག

ཆོས་ལུགས། ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་འཇིག་རྟེན་ཀྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། ༢ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལ་བྱ་བ་དང་མ་འདྲེས་པ། ༣ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་སངས་རྒྱས་ཀྱི་རྗེས་སུ་སོང་བ། ༤ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འབྱུང་བའི་ལམ་དང་མཐུན་པ། ༥ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་བདུད་དང་། མུ་སྟེགས་ཅན་གཞན་དང་། མུ་སྟེགས་སྤྱོད་པའི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ། ༦ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་དག་པས། ཀུན་ནས་ཉོན་མོངས་མེད་པ། ༧ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཆོས་ཇི་སྐད་དུ་ཐོས་པ་ཡོངས་སུ་མི་གཏོང་བས་ཤིན་ཏུ་ཟིན་པར་ཡང་དག་པར་འཛིན་པ། ༨ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ཀྱིས་མ་གོས་པས་ཡོངས་སུ་ཉམས་པ་མེད་པ། ༩ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཡེ་ཤེས་ཕྲ་བ་ལ་ཞུགས་པའི་ཕྱིར་ཟབ་པ། ༡༠ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་བརྩོན་པའོ། །

--

བསམ་པ་མདོར་བསྡུ་ན་རྣམ་པ་བཞི་

མིང་ཚིག

ཆོས་ལུགས། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། དངོས་པོ་བསམ་པ་ནི། དངོས་པོ་དྲུག་ལས་བརྩམས་ནས་ཕུང་པོའི་དངོས་པོ་ནས་དབང་པོའི་དངོས་པོའི་བར་དག་གོ ། ཡོད་དང་མེད་པའི་བསམ་པ་ནི། སའི་དངོས་གཞིར་བསྟན་པ་བཞིན་ནོ། །རྒྱུ་དང་འབྲས་བུའི་བསམ་པ་ནི། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པའི་སར་བསྟན་པ་བཞིན་ནོ། །ཐེག་པ་བསམ་པ་ནི། ཉན་ཐོས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་རྣམས་སོ། །

--

བསམ་པ་མི་ཟད་པའི་མཚན་ཉིད་རྣམ་པ་བཅུ་

མིང་ཚིག

ཆོས་ལུགས། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། རྣམ་པར་དག་པའི་མཚན་ཉིད། འཇུག་པའི་མཚན་ཉིད། མི་ལྡོག་པའི་མཚན་ཉིད། རེ་བའི་མཚན་ཉིད། ཕྱིན་ཅི་མ་ལོག་པའི་མཚན་ཉིད། བརྗེད་མི་ངས་པའི་མཚན་ཉིད། རྒྱུའི་མཚན་ཉིད། དམིགས་པའི་རྣམ་པར་དག་པའི་མཚན་ཉིད། ཡིད་ལ་བྱེད་པ་རྣམ་པར་དག་པའི་མཚན་ཉིད། ལྟ་བ་རྣམ་པར་དག་པའི་མཚན་ཉིད།

--

བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེ་རིན་ཆེན་གྱི་རྟོག་པའི་ཆོ་ག་རྒྱས་པ་

མིང་ཚིག

དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན། བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།

--

བསམ་པ་རྒྱ་ཆེ་བ་

མིང་ཚིག

རྩོམ་རིག རྒྱ་ཆེ་བའི་རྒྱན་གྱི་ནང་གསེས་དང་པོ་བློ་རྒྱ་ཆེན་པོ་སྟེ། རང་གཞན་གྱིས་བསྒྲུབ་པར་དཀའ་བའི་བྱ་བ་རྔམ་ཆེན་གྱི་རིགས། ཁུར་ལེན་བཟོད་པ་ལྟ་བུའི་བསམ་པའི་སྙིང་སྟོབས་རྒྱ་ཆེ་བ་སྟོན་པའི་རྒྱན་ལ་ཟེར།

དཔེར་ན། བོད་མཁས་པས། བསྟན་སྲུང་རྒྱ་མཚོས་ཅི་བསྒོའི་ལས་བསྒྲུབ་ཕྱིར། །འགྲོ་མང་དུས་ཀྱི་ཁ་སྒོར་འཇུག་སྤོབས་པ། །རིག་སྔགས་འཆང་དེས་རྒྱུ་འབྲས་ངང་ཚུལ་ལ། །གཟིགས་ནས་བསྟན་དགྲ་འགའ་ཞིག་བྱང་གྲོལ་བཀོད། །ཅེས་པ་ལྟ་བུ།

--

བསམ་པ་རྣམ་པ་གསུམ་

མིང་ཚིག

ཆོས་ལུགས། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ལོངས་སྤྱོད་ཀྱི་བསམ་པ། དག་པའི་བསམ་པ། ལྷ་ལ་མཆོད་པའི་བསམ་པའོ། །

--

བསམ་པ་ལས་བྱུང་བའི་ངོ་བོ་ཉིད་རྣམ་པར་དག་པ་དགུ་

མིང་ཚིག

ཆོས་ལུགས། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཁ་ཅིག་ཇི་ལྟར་ཐོས་པ་དང༌། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཅིག་པུ་དབེན་པ་ན་འདུག་ཅིང་སེམས་ཏེ། བསམ་པར་བྱ་བ་མ་ཡིན་པ་ཡོངས་སུ་སྤངས་ནས། བསམ་པར་བྱ་བ་སེམས་པ། ༢ ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་ལ་ཡང་ཡོངས་སུ་ཤེས་པ། ༣ དོན་ལ་རྟོན་ཅིང་སེམས་ཀྱི། ཚིག་འབྲུ་ལ་མི་སྟོན་པ། ༤ ཁ་ཅིག་ལ་ནི་དད་པས་མོས་པར་བྱེད་པ། ༥ ཁ་ཅིག་ལ་ནི་ཤེས་རབ་ཀྱི་རྣམ་པར་དཔྱོད་པར་བྱེད་པ། ༦ སྲན་ཐུབ་པར་སེམས་པ། ༧ བརྟན་པོར་སེམས་པ། ༨ རྒྱས་པར་སེམས་པ། ༩ བསམ་པ་དེ་ཡང་མཐར་ཕྱིན་པར་བྱེད་ཀྱི། བར་མ་དོར་སྒྱིད་ལུག་པར་མི་བྱེད་པའོ། །

--

བསམ་པ་ལས་བྱུང་བའི་འབྲས་བུ་

མིང་ཚིག

ཆོས་ལུགས། སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སད་པའི་གནས་སྐབས་ལ་གཙོ་བོར་སྤྱོད་པ་དམྱལ་བ་ལྷ་མིན་གཉིས། རྨི་ལམ་ལ་གཙོ་བོར་སྤྱོད་པ་ལྷ་དང་ཡི་དྭགས་གཉིས། གཉིད་འཐུག་ལ་གཙོ་བོར་སྤྱོད་པ་མི། བཞི་པ་ལ་གཙོ་བོར་སྤྱོད་པ་དུད་འགྲོ་སྟེ། གནས་སྐབས་བཞི་ལ་འགྲོ་བ་དྲུག་སྦྱར་བ། རྒྱུ་དང་འབྲས་བུ་ཕན་ཚུན་རྒྱས་བཏབ་ཀྱི་ཚུལ་ལོ། །

--

བསམ་པ་ལས་བྱུང་བའི་ས་རྣམ་པ་གསུམ་

མིང་ཚིག

ཆོས་ལུགས། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ངོ་བོ་ཉིད་རྣམ་པར་དག་པ། ཤེས་བྱ་རབ་ཏུ་འབྱེད་པ། ཆོས་རབ་ཏུ་འབྱེད་པའོ། །

--

བསམ་པ་ལོག་པ་

མིང་ཚིག

1 བསམ་བློ་རྩེ་གཉིས།

2 ཞེན་པ་ལོག་པ།