དབྱིག་

མིང་ཚིག

1 གསེར་དངུལ་སོགས་གཏེར་རྫས་རིན་པོ་ཆེའི་རིགས།

དཔེར་ན། དབྱིག་འཛིན་ལྷོ་གླིང་འཛིན་མ། དབྱིག་འཛིན་ཡངས་པོ་ལྟ་བུ།

2 མངོན་བརྗོད། ནོར་ལྷ། ནོར་ལྷ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན།

--

དབྱིག་གཉེན་

མིང་ཚིག

རྒྱན་དྲུག་གི་ནང་གསེས་ཤིག་སྟེ། མངོན་པའི་རྒྱན་ཐོགས་མེད་ཡབ་སྲས་གཉིས་ལས་དབྱིག་གཉེན་ཏེ། མངོན་པའི་གཞུང་འགྲེལ་བྱེད་པོ་སློབ་དཔོན་དབྱིག་གཉེན་ནི། དུས་རབས་ལྔ་པ་ཙམ་ན་བྲམ་ཟེ་མོ་སུ་པྲ་ཀཱ་ཤ་ཤཱི་ལ་ཞེས་པའི་སྲས་སུ་འཁྲུངས་ནས་ཐོགས་མེད་ཀྱི་སྐུ་མཆེད་དུ་གྱུར། ཁ་ཆེའི་སློབ་དཔོན་སཾ་གྷ་བྷ་དྲའི་དྲུང་ནས་མངོན་པ་སྡེ་བདུན་སོགས་གསན། ཕྱིས་འཕགས་པ་ཐོགས་མེད་སློབ་དཔོན་དུ་བསྟེན། མངོན་པ་མཛོད་རྩ་འགྲེལ་དང༌། པྲ་ཀཱ་ར་ཎ་སྡེ་བརྒྱད་སོགས་བསྟན་བཅོས་མང་དུ་བརྩམས། ཚད་མ་རང་ལས་མཁས་པ་ཕྱོགས་གླང་དང༌། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ་དང༌། ཤེར་ཕྱིན་རང་ལས་མཁས་པ་རྣམ་གྲོལ་སྡེ་དང༌། འདུལ་བ་རང་ལས་མཁས་པ་ཤཱཀྱ་འོད་བཅས་སློབ་མ་མཁས་པ་མང་དུ་བསྐྱངས་སོ། །

--

དབྱིག་གི་ཁུ་བ་

མིང་ཚིག

མངོན་བརྗོད། ཉི་མ་སྟེ། དབྱིག་ནི་རིན་པོ་ཆེའི་དོན་ཡིན་པས་ཉི་མ་དེའི་ཁུ་བའམ་ཐིག་ལེ་ཡིན་པར་བཤད་པས་ནའོ། །

--

དབྱིག་གི་གདངས་ཅན་

མིང་ཚིག

གསེར་གྱི་སྣོད་ལྟར་སྒྲ་མཐོ་ཞིང་ཟབ་པའི་དོན་ཏེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། དབྱིག་གི་གདངས་ཅན་ནི་གསེར་གྱི་སྣོད་ལྟར་སྒྲ་མཐོ་ཞིང་ཟབ་པ་དང་ལྡན་པ་ཞེས་གསུངས།

དཔེར་ན། འདུལ་བའི་གླེང་འབུམ་ལས། དེ་ཐོས་ནས་མགུལ་བསལ་བའི་སྒྲ་ཕྱུང་བས། དེ་དབྱིག་གི་གདངས་ཅན་ཡིན་པས་ཁྱིམ་ཐམས་ཅད་ཁྱབ་སྟེ་ཞེས་པ་ལྟ་བུ།

--

དབྱིག་གི་ཆར་འབེབས་

མིང་ཚིག

མངོན་བརྗོད། རྣམ་ཐོས་སྲས་ཏེ། མི་རྣམས་ལ་ལོངས་སྤྱོད་ཀྱི་ཆར་འབེབས་པས་སོ། །

--

དབྱིག་གི་ཕྲེང་བ་ཞེས་བྱ་བ་ཆོ་གའི་བྱ་བ་བཅུ་པ་

མིང་ཚིག

ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་བསྒྱུར། བུ་སྟོན་དང་། སྡེ་དཀར་དུ་ཆོས་ཚན་འདི་རྒྱུད་སྣ་ཚོགས་ལས་བཏུས་པ་སྣང་བས་འདིར་བཀོད་དོ་ཞེས་འཁོད། ཆོས་ཚན་འདི་པེ་ཅིང་པར་མ་དང་། སྣར་ཐང་གཉིས་ལ་མི་བཞུགས། བསྟན་འགྱུར་རྒྱུད་ཟི་པར་བཞུགས།

--

དབྱིག་གི་བློ་གྲོས་མ་

མིང་ཚིག

མངོན་བརྗོད། ས་གཞི་སྟེ། དབྱིག་གམ་རྒྱུ་ནོར་གྱིས་རབ་ཏུ་ཕྱུག་པར་བྱེད་པའི་མཛངས་མ་ལྟ་བུ་ཡིན་པས་དབྱིག་གི་བློ་གྲོས་མ་ཞེས་བཏགས།

--

དབྱིག་གི་ལྟེ་བ་

མིང་ཚིག

1 མངོན་བརྗོད། གངས་ཏེ་སེ་སྟེ། ཁོང་དུ་གསེར་ལ་སོགས་པའི་རིན་པོ་ཆེ་ཡོད་པའི་ཕྱིར་ནའོ། །

2 ཁྱབ་འཇུག་སྟེ། འདིའི་ལྟེ་བ་པད་མས་གྲུབ་པས་སོ། །

--

དབྱིག་གི་སྙིང་

རྒྱན་ཚིག

དབྱིག་གམ་རིན་པོ་ཆེ་མཆོག་ཏུ་གྱུར་བ་སྟེ།

དཔེར་ན། ནོར་བུ་དབྱིག་གི་སྙིང་པོའི་བརྒྱན་བཏགས་ལྟ་བུ།

མིང་ཚིག

མངོན་བརྗོད། ཚངས་པ་ཆེན་པོ་སྟེ། གསེར་གྱི་སྒོ་ངའི་སྙིང་བོ་ལས་གྲུབ་པས་སོ། །

--

དབྱིག་གུ་

མིང་ཚིག

དབྱུག་པ་ཐུང་ངུའམ་ཕྲ་མོའི་དོན།

--

དབྱིག་དངོས་

མིང་ཚིག

རིན་པོ་ཆེ་སོགས་རྒྱུ་ནོར་ལོངས་སྤྱོད་ཀྱི་དོན།

--

དབྱིག་དབྱིག་

རྒྱན་ཚིག

1 ཚོན་དང་སྣག་ཚ་སོགས་གཙུབ་རྡར་བྱེད་དུས་བྱུང་བའི་སྒྲའི་ཁྱད་པར་ཞིག

2 བསྐོར་བའི་རྣམ་འགྱུར་རམ་རི་མོ་སོགས་སུབ་པའི་དོན་ཏེ། བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ་ལས། དབྱིག་དབྱིག་ནི་ལག་པས་མགྱོགས་པར་བསྐོར་བའི་རྣམ་འགྱུར་རམ་རི་མོ་སོགས་སུབ་པའང༌ཞེས་གསུངས།

--

དབྱིག་དུག་

མིང་ཚིག

1 རིན་པོ་ཆེའི་རིགས་ལས་བཟོས་པའི་དུག་རྫས།

2 རིན་པོ་ཆེའི་རིགས་མིའི་ཁོག་པའི་ནང་དུ་ཤོར་ནས་ཕོག་པའི་དུག།

--

དབྱིག་པ་

མིང་ཚིག

བརྡ་རྙིང་། དབྱུག་པ་སྟེ། ལམ་རིམ་ཆེན་མོའི་བརྡ་དཀྲོལ་ལས། དབྱིག་པ་ནི་དབྱུག་པའི་བརྡ་རྙིང་ངོ༌ཞེས་གསུངས།

དཔེར་ན། འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་ལས། ཇོ་བོ་འདི་ནི་ཁྱོད་ཉིད་ཀྱི་བུ་ཡིན་ན་འདིར་ཅི་ཞིག་ཉེས་གཞོན་ནུར་མ་བསད་ཅེས་སྨྲས་པ་དང༌། དེས་དེ་ལ་དབྱིག་པས་བརྡེགས་སོ་ཞེས་གསུངས།

--

དབྱིག་བཤེས་

མིང་ཚིག

བྱེ་བྲག་སྨྲ་བའི་སློབ་དཔོན་ཞིག

--

དབྱིག་བུ་

མིང་ཚིག

1.གྲི་དང་མཚོན་ཆ་སོགས་རྡར་བྱེད་རྡོ་ཞིག 2.ཁོད་སྙོམས་བྱེད་ཤིང་བུའི་ཡོ་བྱད་ཅིག

--

དབྱིག་མཆོག་

མིང་ཚིག

མངོན་བརྗོད། གསེར་ཏེ། རིན་པོ་ཆེ་མཆོག་ཏུ་གྱུར་བ་ཡིན་པས་སོ། །

--

དབྱིག་མོ་

རྒྱན་ཚིག

1 ཚོན་རྩི་ཞིབ་མོ།

2 འཇམ་པོའི་དོན།

དཔེར་ན། གོས་དར་དབྱིག་མོ་ཞེས་པ་ལྟ་བུ།

--

དབྱིག་འཛིན་

མིང་ཚིག

1 མཆིན་པའི་མདོག་ཅན་གྱི་རིན་པོ་ཆེའི་རིགས་ཀྱི་བྱེ་བྲག་ཅིག

2 མངོན་བརྗོད། ས་གཞི་སྟེ། གསེར་དངུལ་སོགས་རིན་པོ་ཆེའི་རིགས་སྣ་ཚོགས་དང་ལྡན་པས་སོ། །

--

དབྱིག་རྡར་

མིང་ཚིག

རིན་པོ་ཆེ་རིགས་ཀྱི་རྡར་རྡོ་ཞིག

--

དབྱིག་ལུས་ཅན་

མིང་ཚིག

མངོན་བརྗོད། བརྒྱ་བྱིན་གྱི་མཚོན་ཆ་རྡོ་རྗེའི་མིང་སྟེ། རིན་པོ་ཆེའི་བདག་ཉིད་ཡིན་པས་ནའོ། །

--

དབྱིག་ལྡན་

མིང་ཚིག

1 མངོན་བརྗོད། ལྷ་དབང་ཕྱུག་ཆེན་པོ། རིན་པོ་ཆེ་རྣམས་འདི་ལ་ཡོད་པས་སོ། །

2 བརྒྱ་བྱིན། རིན་པོ་ཆེ་རྣམས་འདི་ལ་ཡོད་པས་ནའོ། །