ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་

མིང་ཚིག

རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུ་ཕྱི་ལོ་ ༡༧༢༥ ལོར་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ཕྱི་ལོ་ ༡༧༩༦ ལོར་སྐུ་གཤེགས། ལྕང་སྐྱ་རོལ་པའི་རྡོ་རྗེའི་གཅུང་བོ་ཡིན། བཅུ་བདུན་པར་དབུས་སུ་ཕེབས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་གཉིས་ཀྱིས་རིགས་ཀྱི་གཙོ་བོར་བཟུང། མདོ་སྔགས་ཀྱི་གདམས་པ་མང་དུ་གསན། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས། མཚན་ཉིད་ཀྱི་གཞུང་སོགས་ལ་ཐུགས་གཉེར་མཛད། མདོ་སྨད་དུ་བྱོན། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༧༤༩ ལོར་དགོན་ལུང་བྱམས་པ་གླིིང་གི་གདན་སའི་ཁྲིར་བཞུགས། གདན་ས་ལོ་ལྔའི་རིང་བསྐྱངས། རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་བཅུའི་རིང་བསྐྱངས། སྐབས་བཞི་པའི་འཛིན་གྲྭ་ཡང་གསར་དུ་བཙུགས། ཕར་ཕྱིན་འཛིན་གྲྭ་ཁག་བཞིར་ཕྱེས། རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ལོ་ཕྱི་ལོ་ ༡༧༥༣ ལོར་བླ་བྲང་ཆེན་མོའི་ཚོམས་ཁང་ཞིག་གསོ་མཛད། ཉན་ཀང་ཡོའི་དམག་གིས་རྒྱལ་དབང་བསོད་ནམས་རྒྱ་མཚོའི་དངུལ་གདུང་གཏོར་བརླགས་བྱས་པ་དེ་རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོར་དངུལ་སྲང་སྟོང་ཕྲག་བཞི་ལྷག་གིས་དངུལ་གདུང་དུ་བསྒྱུར། རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༧༧༣ ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲིར་ཕེབས། གདན་ས་ལོ་བཅུའི་རིང་བསྐྱངས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན། འདུ་ཁང་ཆེན་མོ་བཞེངས་པ་བཅས་ལ་དོ་དམ་གནང་། འདུ་ཁང་དུ་སྤྱན་རས་གཟིགས་ཀྱི་ལི་སྐུ་རྒྱབ་ཡོལ་བཞུགས་ཁྲི་དང་བཅས་པ། བཙན་ཁང་དུ་སྟགས་ལྤགས་ཀྱི་རྒྱལ་མཚན། བླ་བྲེ། དངུལ་གྱི་བཀྲ་ཤིས་རྟགས་བརྒྱད་སོགས་བཞག། གསུང་རྩོམ་ནི་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དང་། བྱ་ཁྱུང་མཁན་རབས་བསྡུས་པ་བཅས་བཞུགས།

--

ཆུ་བཟང་དགོན་པ་

མིང་ཚིག

1 བྱང་གི་དགོན་ཆེན་བཞིའི་ཡ་གྱལ་གྱི་དགོན་པ་ཞིག་སྟེ། ཕྱི་ལོ་ ༡༦༤༩ ལོར་འབུམ་ལུང་བཀྲ་ཤིས་ཐང་དུ་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་གྱིས་ཕྱག་འདེབས་མཛད། ཆོས་བརྒྱུད་དགེ་ལུགས་ཡིན་ཞིང་དགོན་མིང་ཆ་ཚང་ལ་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང༌ཞེས་ཟེར།

2 ལྷ་སའི་ཉེ་འགྲམ་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པའི་སྟོད་ལུང་ཆུ་བཟང་དགོན་པ་སྟེ། གྲུབ་མཐའ་དགེ་ལུགས་ཡིན་ཞིང་། ཕྱི་ལོའི་དུས་རབས་བཅོ་ལྔའི་ནང་རྗེ་ཙོང་ཁ་པའི་དངོས་སློབ་ཤེར་འབྱུང་བློ་གྲོས་ཀྱིས་སྟོད་ལུང་བདེ་ཆེན་རྫོང་ཆུ་བཟང་སྡེ་བའི་ནང་ཕྱག་འདེབས་མཛད་པ་ཞིག་ཡིན།

--

ཆུ་བཟང་པོ་

མིང་ཚིག

མིའི་གཟུགས་གཞིར་འཕྲོད་པའི་ཆུའི་མིང་།

--

ཆུ་བཟང་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ་

མིང་ཚིག

རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་རྭ་ལོ་ཐང་འདན་མའི་རིགས་སུ་འཁྲུངས། ཆུང་དུས་ནས་ཆུ་བཟང་དགོན་དུ་བཞུགས། ཐོས་བསམ་ལེགས་པར་མཛད། དབུས་སུ་ཕེབས། སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། བཀའ་པོད་ལྔ་ལ་ཐུགས་གཉེར་མཛད། དོ་སྨད་དུ་ཕེབས། བླ་བྲང་སྒོ་མང་ཚང་ཆུ་བཟང་་དགོན་དུ་གདན་དྲངས། མི་ཏྲ་རྡོ་རྗེ་ཕྲེང་སོགས་དབང་ལུང་རྗེས་གསུམ་དང་། བཤད་ཁྲིད་ཀྱི་རྒྱུན་བཟང་རྣམས་གསན། ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲིར་ཕེབས། གདན་ས་ལོ་ལྔའི་རིང་བསྐྱངས། ང་ལྔ་པ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ཕྱི་ལོ་ ༡༩༡༣ ལོར་སྐུ་གཤེགས། ཆུ་བཟང་སྐུ་ཕྲེང་ལྔ་བ་དང་། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་གྱ་གཅིག་པའང་ཡིན།

--

ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་

མིང་ཚིག

རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༧༩༧ ལོར་ལྕང་སྐྱ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་སྐུ་མཆེད་དུ་འཁྲུངས། ཆུང་དུས་ནས་ཆུ་བཟང་དགོན་པར་ཞུགས། སློབ་གཉེར་མཛད། དབུས་སུ་ཕེབས། སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་སྦྱངས། ཁྲི་སྤྲུལ་བསྟན་པ་རབ་རྒྱས་སོགས་གསར་རྙིང་གི་བླ་མ་མང་པོ་བསྟེན། ཆོས་རྒྱུན་སྣ་ཚོགས་གསན། མདོ་སྨད་དུ་ཕེབས། ཆུ་བཟང་ཇོ་ཁང་གསར་བཞེངས་མཛད། སོ་བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ཕྱི་ལོ་ ༡༨༣༣ ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲིར་ཕེབས། གདན་ས་ལོ་གཅིག་རིང་བསྐྱངས་། བྱ་ཁྱུང་གི་འདུ་ཁང་གསར་བཞེངས་ཀྱི་འགན་ཁུར། བྱ་ཁྱུང་གི་དགོན་བདག་མཛད། ཆུ་བཟང་སྐུ་ཕྲེང་ཕྱི་མ་རྣམས་ཀྱིས་བྱ་ཁྱུང་དགོན་པའི་གཞུང་ལས་པ་དང་། བླ་མ་དབུ་མཛད། གྲྭ་ཚང་གསུམ་གྱི་ཁྲི་བ་བསྐོ་བཞག་གི་འགན་ཁུར། རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ་ ༡༨༥༨ ལོར་སྐུ་གཤེགས། ཆུ་བཟང་སྐུ་ཕྲེང་བཞི་བ་དང། བྱ་ཁྱུང་གདན་སའི་མཁན་རབས་དྲུག་ཅུ་བའང་ཡིན།

--

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་

མིང་ཚིག

རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་འཁྲུངས། བཙན་པོ་དོན་གྲུབ་རྒྱ་མཚོ་ལས་རབ་ཏུ་བྱུང་། དགོན་ལུང་བྱམས་པ་གླིང་དང་། གསེར་ཁོག་དགོན་དུ་སློབ་གཉེར་མཛད། དབུས་གཙང་དུ་ཕེབས། རྒྱལ་དབང་ལྔ་བ་ལས་བསྙེན་པར་རྫོགས། དགའ་ལྡན་ཁྲི་བ་རྣམ་དག་རྡོ་རྗེ་དང་། རྒྱལ་སྲས་བློ་བཟང་བསྟན་འཛིན། སྒོ་མང་དཔོན་སློབ་སོགས་བསྟེན། བཀའ་ཆོས་ཅི་རིགས་གསན། དབུ་ཕར་གྱི་སློབ་གཉེར་མཛད། རྩིད་ཐང་དུ་གྲྭ་སྐོར་མཛད། མདོ་སྨད་དུ་ཕེབས། སྐུ་འབུམ་དགོན་གྱི་རྒྱུད་པའི་ཁྲིར་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ཕྱི་ལོ་ ༡༦༧༦ ལོར་ཕེབས། དཔྱིད་ཆོས་བར་མར་གསང་འདུས་དང་། དབྱར་ཆོས་རྗེས་མར་འཇིགས་བྱེད་ཀྱི་རྡུལ་མཚོན་ལ་བརྟེན་པའི་སྒྲུབ་མཆོད་སྦྱིན་སྲེག་བཅས་ཉིན་བདུན་རེ་འཛུགས་རྒྱུའི་སྲོལ་བཏོད། རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༦༨༠ ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲིར་ཕེབས། གདན་ས་ལོ་བདུན་རིང་བསྐྱངས། རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ་ ༡༦༩༦ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༠༠ ལོར་བཅའ་ཡིག་བརྩམས། ཆུ་སྟོད་སྨོན་ལམ་གྱི་སྐབས་སུ་གཞུང་གི་ཚོགས་ལངས་བཅུ་གཉིས་དང་། དཔྱིད་ཆོས་རྗེས་མ་དང་། དབྱར་གནས་སྟེང་དུ་གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཉིན་གསུམ་རེར་འཇོག་རྒྱུའི་སྲོལ་བཏོད། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༧༠༡ ལོར་རྒྱལ་བ་སེང་གེའི་ང་རོ་ལ་གོས་སྐུ་ཆེན་པོ་གསར་བཞེངས་མཛད། རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ ༡༧༠༨ ལོར་དབོན་བསོད་ནམས་བཀྲ་ཤིས་སོགས་ཀྱིས་སྦྱིན་བདག་བྱས་ཏེ། གསེར་སྡོང་ཆེན་མོའི་ལྷ་ཁང་རྒྱ་བསྐྱེད་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ཕྱི་ལོ་ ༡༧༡༠ ལོར་ཇུན་ཝང་ཨེར་ཏི་ནི་ཇུས་ནང་གིས་སྦྱིན་བདག་མཛད་དེ། གསེར་ཟངས་ཀྱི་རྒྱ་ཕིབས་གསར་བསྐྲུན་མཛད། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ཕྱི་ལོ་ ༡༧༡༢ ལོར་ཆིང་ཝང་བཀྲ་ཤིས་བཱ་ཐུར་ཐའི་ཇིས་སྦྱིན་བདག་མཛད་དེ་གསེར་སྡོང་ཆེན་མོའི་ཆོ་འཕྲུལ་མཆོད་རྟེན་རྒྱ་བསྐྱེད་བཏང། །གསེར་ཁོག་གདན་ས་ཡང་བསྐྱངས། རྒྱལ་དབང་སྐུ་ཕྲེང་བདུན་པར་རབ་བྱུང་གི་ཚུལ་ཁྲིམས་ཕུལ། མཚན་ལ་བློ་བཟང་བསྐལ་བཟང་རྒྱ་མཚོ་གསོལ། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་ཉན་ཀང་ཡོའི་དམག་གིས་བཀྲོངས། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་བཅུ་དགུ་བ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བཅོ་བརྒྱད་པ་བཅས་ཡིན།

--

ཆུ་བཟང་ཟླ་བ་ཐང་

མིང་ཚིག

ནགས་ཤོད་འབྲི་རུ་སྟོད་ཉིན་རྒྱུད་སྔར་རཀྵི་དཔོན་གྱི་ས་ཆ། ད་ལྟ་ཟླ་ཐང་ཡུལ་ཚོ་ཆགས་གནས།

--

ཆུ་བཟང་ཡེ་ཤེས་རྒྱ་མཚོ་

མིང་ཚིག

རབ་བྱུང་བཅུ་གསུམ་ས་བྱ་ཕྱི་ལོ་ ༡༧༨༩ ལོར་ཤར་ཕྱོགས་ཀོང་པོའི་ཡུལ་དུ་ཡབ་ཚེ་འཕེལ་དང་། ཡུམ་འཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགོན་པ་བཀྲ་ཤིས་རབ་བརྟན་གྱི་ཆོས་གྲྭར་ཞུགས། དགེ་རྒན་ཚངས་དབྱངས་ཐུགས་རྗེ་དང་། འབྱོར་རྒྱས་གཉིས་བསྟེན། ཡི་གེའི་འབྲི་ཀློག་དང་། ཆོས་སྤྱོད་བཅས་ལ་བསླབས། བཅུ་དགུ་བར་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས། ཉི་ཤུ་བར་གྲུབ་དབང་རིན་ཆེན་ཕུན་ཚོགས་ལས་དགེ་བསྙེན་དང་། བར་མ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་ཡེ་ཤེས་རྒྱ་མཚོ་ཞེས་གནང་། ཉེར་དྲུག་པར་དེ་མོ་ནོ་མིན་ཧན་ལས་བསྙེན་པར་རྫོགས། ལོ་ལྔའི་བར་དུ་སློབ་གཉེར་གནང་། རྡོ་རྗེ་འཆང་ངག་དབང་ཆོས་འཛིན་དང་། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། བླ་མ་སྐལ་བཟང་མཁས་གྲུབ་སོགས་་བླ་མ་བཅུ་ཕྲག་ལྷག་བསྟེན། མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ངག་མང་དུ་གསན། ང་བདུན་པར་རྒྱལ་བ་མཁས་གྲུབ་རྒྱ་མཚོ་རབ་བྱུང་གི་སྡོམ་པ་བཞེས་པའི་མཛད་སྒོར་ཞུགས། དྲུག་ཅུ་བར་སྟག་ཕུའི་ཡོངས་འཛིན་གནང་། རེ་དྲུག་པར་རྒྱལ་དབང་མཁས་གྲུབ་རྒྱ་མཚོར་བརྟན་བཞུགས་མཎྜལ་ལྗགས་བཤད་མཛད། རེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་ ༡༨༥༦ ལོར་སྐུ་གཤེགས། གསུང་རྩོམ་ནི་དམ་པའི་ཆོས་རྒྱ་མཚོ་ལྟ་བུ་ལས་ཁོ་བོས་བགོ་སྐལ་ཅུང་ཟད་མྱོང་བའི་ཐོབ་ཡིག་དགའ་ལྡན་བསྟན་པའི་མཛེས་རྒྱན་ལས་དབང་དང་རྗེས་གནང་གི་སྐོར་དང་། བྱང་ཆུབ་ལམ་རིམ་ཆེན་མོའི་ས་བཅད་ཀྱི་ཐོག་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་མན་ངག་གནད་བསྡུས་གསལ་བའི་སྒྲོན་མེ། བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་བཅས་ཆོས་ཚན་བཅུ་ལོངས་པའི་པོད་གཅིག་བཞུགས།

--

ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་

མིང་ཚིག

རབ་བྱུང་བཅུ་པའི་ས་སྟག་ཕྱི་ལོ་ ༡༥༧༨ ལོར་སྟོད་ལུང་དཀར་ལེབ་ཁང་གསར་དུ་ཡབ་བསོད་ནམས་མགོན་པོ་དང་། ཡུམ་མ་མ་བྲེ་སང་གཉིས་ཀྱི་སྲས་སུ་འཁྲུངས། བླ་མ་རྣམ་རྒྱལ་དཔལ་བཟང་ལས་རབ་ཏུ་བྱུང་། མཚན་ལ་རྣམ་རྒྱལ་དཔལ་འབྱོར་ཞེས་གསོལ། རྭ་བ་སྟོད་དུ་ཕེབས། སྟག་ལུང་བྲག་པར་བསྟེན་ནས་བསྡུས་ཚད་དང། འདུལ་འཛོད་བཅས་ལ་མཁས་པར་སྦྱངས། འབྲས་སྤུངས་སུ་ཕེབས། གཞུ་ཁང་བ་དགེ་ལེགས་ལྷུན་གྲུབ་ལས་སྔར་དབུ་ཕར་ལ་སྦྱངས། འབྲས་སྤུངས་གླིང་བསྲེའི་གྲྭ་སྐོར་མཛད། རྒྱལ་བ་ཡོན་ཏན་རྒྱ་མཚོས་ཐུགས་དགྱེས་པའི་ལེགས་ཇ་དང་། ཕྱག་འཕྲེང་བཅས་གནང་། སེ་ར་དང་། དགའ་ལྡན། བཀྲ་ཤིས་ལྷུན་པོ། དཔལ་འཁོར་ཆོས་སྡེ། བྱང་ངམ་རིང་སོགས་མཚན་ཉིད་ཀྱི་གྲྭ་ས་དུ་མར་གྲྭ་སྐོར་མཛད། འབྲས་སྤུངས་སྨད་རྒྱུད་གྲྭ་ཚང་དུ་ཞུགས། གསང་འདུས་པ་གཙོས་རྒྱུད་སྡེ་ཆེན་པོ་རྣམས་སྦྱངས། རབ་བྱུང་བཅུ་པའི་ལྕགས་ཕག་ཕྱི་ལོ་ ༡༦༡༡ ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རྡོ་རྗེ་འཕྲེང་བའི་དབང་དང་། བདེ་མཆོག་ལཱུ་ཨི་བ། དམང་ནག་འཇིགས་གསུམ་ཞེ་དགུ་མ། རོ་ལངས་བརྒྱད་སྐོར་བཅས་མང་དུ་གསན། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། རྒྱལ་པཎ་རྣམ་གཉིས་ཀྱིས་མདོ་སྨད་དུ་བཏང་། དཔོན་པོ་ཧོ་ལོ་ཇི་ཕ་བུ་གཉིས་ཀྱིས་སྦྱིན་བདག་མཛད་ནས་དེར་དགེ་འདུན་གྱི་སྡེ་བཙུགས། ཟི་ན་ནང་སོས་སྐུ་འབུམ་དུ་གདན་དྲངས། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ཕྱི་ལོ་ ༡༦༣༠ ལོར་སྐུ་འབུམ་གདན་སའི་ཁྲིར་ཕེབས། གདན་ས་ལོ་བརྒྱད་རིང་བསྐྱངས། དགོན་པའི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་འབུམ་ཁང་གསར་བཞེངས་མཛད། རེ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ས་ཡོས་ཕྱི་ལོ་ ༡༦༣༩ ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲིར་ཕེབས། ལོ་བཅུའི་རིང་གདན་ས་བསྐྱངས། ལྷ་ཁང་ཆེན་མོ་བཞེངས། གླིང་གསེབ་ཏུ་དབྱེན་བསྡུམས་མཆོད་རྟེན་དང་། བྱམས་པའི་གོས་སྐུ་ཆེ་བ་བཞེངས། འདུ་ཁང་ལ་ཤིང་རྩི་གཏོང་བ། ཐུབ་པ་ཆོས་འཁོར་མ་སོགས་སྐུ་བརྙན་ལི་མ་དྲུག་ཅུ། མདོ་སྔགས་ཀྱི་གླེགས་བམ་དུ་མ་དང་བཅས་སྤྱི་འཇོག་མཛད། ལོ་རེ་བཞིན་དགེ་འདུན་ལ་འགྱེད་ཕོག་ཚ་ར། ཆོས་གྲྭ་བ་རྣམས་ལ་གྲྭ་ཕོག་གྲྭ་འགྱེད་སོགས་ཆོས་དང་ཟང་ཟིང་གཉིས་ཀྱིས་དགོན་པར་ཕན་ཐོགས་མཛད། དོན་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་གླང་ཕྱི་ལོ་ ༡༦༤༩ ལོར་འབུམ་ལུང་བཀྲ་ཤིས་ཐང་དུ། ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་བཏབ། དོན་བཞི་བ་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས་ཕྱི་ལོ་ ༡༦༥༡ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ལྔ་བ་དང་། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་བཅུ་པ་ཡིན།

--

ཆུ་བཟང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་

མིང་ཚིག

འདི་བ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་འཁྲུངས། དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་ལྷ་རམས་དགེ་བཤེས་ཐོན། ལྔ་པ་ཆེན་མོ་ལས་བསྙེན་པར་རྫོགས། སྐུ་འབུམ་བྱམས་པ་གླིང་དང་དགོན་ལུང་བྱམས་པ་གླིང་གཉིས་ཀྱི་ཁྲིར་བཞུགས། སྐུ་འབུམ་ཁྲིར་ལོ་ངོ་བཅུ་བདུན་བཞུགས་པའི་རིང། དཔྱིད་ཆོས་དང་དབྱར་གནས་ཀྱི་དམ་བཅའ་དང། སྨོན་ལམ་ཚོགས་གླེང་གི་སྲོལ་བཙུགས། འགྲིག་ལམ་དག་ཐེར་དང་བཅའ་ཡིག་གསར་རྩོམ་མཛད། གསེར་གདུང་ལྷ་ཁང་གསར་བཟོ་གནང། ཕྱི་ལོ་༡༧༡༦ ལོར་རྒྱལ་དབང་བདུན་པ་སྐུ་འབུམ་དུ་གདན་དྲངས་ཤིང། ཡོངས་འཛིན་དུ་བཞུགས་པས་ཆུ་བཟང་ཧོ་ཐོག་ཐུ་ཞེས་པའི་ཆོ་ལོ་ཐོབ། ཕྱི་ལོ་༡༧༢༣ ལོར་མན་ཇུའི་དམག་དཔོན་ཉན་ཀོང་ཡོའི་དམག་གིས་རྗེ་འདི་བ་གཙོས་བླ་གྲྭ་བཅུ་བདུན་གསོན་བསྲེགས་བྱས། གསུང་རྩོམ་རང་རྣམ་ཉམས་དགའི་རོལ་རྩེད་ཞེས་པ་བཞུགས།

--

ཆུ་བཟང་སྐུ་ཕྲེང་གསུམ་པ་ངག་དབང་ཐུབ་བསྟན་དབང་ཕྱུག་

མིང་ཚིག

འདི་བ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༢༥ ལོར། ལྕང་སྐྱ་རོལ་བའི་རྡོ་རྗེའི་སྐུ་མཆེད་དུ་འཁྲུངས། མདོ་དབུས་གཉིས་སུ་ཐུགས་གཉེར་གནང་སྟེ་མཁས་པར་གྱུར། རྒྱལ་དབང་བདུན་པ་ལས་བསྙེན་པར་རྫོགས། ཁྲི་ཆེན་ངག་དབང་མཆོག་ལྡན་ལས་ཟབ་ཆོས་མང་དུ་གསན་ཞིང། དགུང་ལོ་ཉེར་བཞིའི་སྟེང་མདོ་སྨད་དུ་བྱོན། བྱང་གི་དགོན་ཆེན་བཞིའི་གདན་ཁྲིར་ཕེབས། པེ་ཅིང་དུ་ལྕང་སྐྱ་རོལ་བའི་རྡོ་རྗེས་ལོ་ཙཱ་མཛད་ནས། གོང་མ་ཆན་ལུང་དང་ཆོས་ཀྱི་བགྲོ་གླེང་གནང། སྐུ་འབུམ་དུ་སྨན་པ་གྲྭ་ཚང་བཙུགས། བྱ་ཁྱུང་འདུ་ཁང་སོགས་གསར་གསོས་གནང། རེ་གཅིག་པར་དན་ཏིག་དང་གོང་སྐྱ། ཚེ་ཏན་སོགས་སུ་ཕེབས་ཏེ་རིམ་གྱིས་ཁྲི་བ་མཛད། དགུང་ལོ་དོན་གཉིས་པ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ཕྱི་ལོ་ ༡༧༩༦ ལོར་སྐུ་གཤེགས། གསུམ་རྩོམ་བྱ་ཁྱུང་གི་གདན་རབས་དང་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་སོགས་ཡོད།

--

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར་

མིང་ཚིག

འདི་བ་རབ་བྱུང་བཅུ་པའི་ས་སྟག་ཕྱི་ལོ་ ༡༥༧༨ ལོར། སྟོད་ལུང་དཀར་ལེབ་ཁང་གསར་དུ། ཡབ་བསོད་ནམས་མགོན་པོ་དང་ཡུམ་མ་མ་བྲེ་སང་གཉིས་ཀྱི་སྲས་སུ་འཁྲུངས། རྭ་པ་སྟོད་དང་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་མཁས་པའི་གྲགས་པ་རྒྱས། གཙང་པ་རྒྱལ་པོས་ས་སྐྱ་དང་བཀའ་བརྒྱུད་པའི་དགེ་བཤེས་གཉིས། དགེ་ལུགས་པ་དང་རྩོད་དུ་བཅུག་པར་འདི་བས་ཕམ་པར་བྱས། རྒྱལ་བ་ཡོན་ཏན་རྒྱ་མཚོའི་བཀས། མདོ་སྨད་དུ་ཕེབས་ཏེ་མཚོ་སྲིབ་དང་ཐར་ཁེར་དུ་འགྲོ་དོན་མཛད། དེ་ནས་སྐུ་འབུམ་དང་དགོན་ལུང་གཉིས་ཀྱི་གདན་ཁྲིར་ཕེབས། ཕྱི་ལོ་ ༡༦༤༩ ལོར་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་བཏབ། དོན་བཞི་པ་ལྕགས་ཡོས་ཕྱི་ལོ་ ༡༦༥༡ ལོར་དགོངས་པ་རྫོགས། གསུང་རྩོམ་འཇིགས་བྱེད་རྫོགས་རིམ་གྱི་ཁྲིད་ཡིག་ཡོད།

--

ཆུ་བཟང་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་དབང་ཕྱུག་

མིང་ཚིག

རབ་བྱུང་བཅོ་ལྔ་བའི་ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར། ཆུ་བཟང་རྭ་ལོ་ཐང་དུ་ཡབ་འཕགས་པ་སྐྱབས་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རེབ་གོང་ཤར་སྐུ་ཕྲེང་བདུན་པའི་སྐུ་མཆེད་དང། ལྕང་སྐྱ་བློ་བཟང་དཔལ་ལྡན་གྱི་སྐུ་ཚ་ཡིན། དཔའ་རིས་དགེ་བཤེས་ཆེན་མོ་བློ་གྲོས་རྒྱ་མཚོ་སོགས་བསྟེན་ནས། མདོ་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གྱིས་གསན་རྒྱ་ཆེ། བྱ་ཁྱུང་གི་མཁན་ཁྲིར་བཞུགས་སྐབས་པཎ་ཆེན་སྐུ་ཕྲེང་དགུ་པ་བྱ་ཁྱུང་དུ་གདན་དྲངས། ཕྱི་ལོ་ ༡༩༣༨ ལོར་སི་ཁྲོན་ཁྲིན་ཏུ་གྲོང་ཁྱེར་གྱི་བོད་སོག་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང། ཕྱི་ལོ་ ༡༩༤༠ ལོར་ཆུ་བཟང་ཇོ་ཁང་ཉམས་གསོ་དང་དགོན་པའི་ཁྲིར་བཞུགས། ཕྱི་ལོ་ ༡༩༤༣ ལོར་ཤིན་ཅང་དུ་ཧན་རྒྱལ་པོས་དབུ་བླར་བཀུར་ཞིང་དགོན་པ་ལྔ་བཅུ་ང་བཞིའི་བདག་པོར་གྱུར། ཕྱི་ལོ་ ༡༩༥༤ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཆིབས་ཞབས་སུ་ལྷ་སར་ཕེབས། ནོར་གླིང་དུ་རྒྱལ་དབང་བཅུ་བཞི་པ་ཆེན་པོར་མཇལ་ཞིང་ལྷ་རམས་དགེ་བཤེས་ཀྱི་མཚན་བཏགས་བཞེས། དེ་ནས་རྒྱ་གར་དུ་གནས་མཇལ་ལ་ཕེབས། མདོ་སྨད་དུ་བྱོན་ནས་ཟླ་འགའི་རྗེས་ཟི་ལང་དུ་བཀག་གཉེར་གྱིས་ལོ་བཅོ་བརྒྱད་རིང་བཙོན་ཁང་དུ་སྡུག་ལས་ལ་སྦྱར། བཙོན་གྲོལ་ཐོབ་རྗེས་མཚོ་སྔོན་ཞིང་ཆེན་ནང་བསྟན་འཐུས་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་འགན་བཞེས། སྐུ་ཚེ་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བཅུར་གསུངས། དགུང་ལོ་གྱ་བརྒྱད་པ་ཕྱི་ལོ་ ༢༠༠༠ ལོར་དགོངས་པ་རྫོགས།

--

ཆུ་བཟང་སྐུ་ཕྲེང་བཞི་པ་བློ་བཟང་ཐུབ་བསྟན་རབ་རྒྱས་

མིང་ཚིག

འདི་བ་ཕྱི་ལོ་ ༡༧༩༧ ལོར་ལྕང་སྐྱ་སྐུ་ཕྲེང་བཞི་བའི་སྐུ་མཆེད་དུ་འཁྲུངས། ཆུ་བཟང་དགོན་དང་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་རྣམས་ལ་གསན་བསམ་མཐར་ཕྱིན་གནང། རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་ལས་ཆོས་མང་དུ་གསན། དགུང་ལོ་སོ་བདུན་སྟེང་ཆུ་བཟང་དུ་ཇོ་ཁང་བཞེངས། ལོ་དེར་བྱ་ཁྱུང་གི་མཁན་རབས་དྲུག་ཅུ་བར་ཕེབས། བྱ་ཁྱུང་འདུ་ཁང་གསར་བཞེངས་ཀྱི་ཁུར་རྐང་བཞེས་ཀྱིས་བྱ་ཁྱུང་གི་དགོན་བདག་ཏུ་གྱུར། བླ་བྲང་བཀྲ་ཤིས་འཁྱིལ་དུ་སྔ་ཕྱིར་བྱོན་ནས། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོ་དང་ཐུགས་འདྲིས་ཆེ་བ་བྱུང་། ཕྱི་ལོ་ ༡༨༥༨ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

--

ཆུ་བཟང་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་ཉི་མ་

མིང་ཚིག

འདི་བ་རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར། ཆུ་བཟང་རྭ་ལོ་ཐང་དུ་འཁྲུངས། ར་ལོ་རིན་པོ་ཆེ། ལ་མོ་ཞབས་དྲུང་དཀར་པོ། ལེན་དཔའ་ཐེ་ཚང་བཅས་འདི་བའི་སྐུ་མཆེད་ཡིན། མདོ་དབུས་གཉིས་སུ་སློབ་གཉེར་གནང་སྟེ་དགེ་བཤེས་ཐོན། རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པས་བཀའ་ཤོག་གནང། ཕྱིར་མདོ་སྨད་དུ་བྱོན་ནས་བྱ་ཁྱུང་གི་ཁྲིར་བཞུགས། ཤིན་ཅང་ཧ་ར་ཤར་ལ་ལན་གཉིས་ཕེབས་ནས་དུས་འཁོར་དབང་ཆེན་སོགས་ཟབ་ཆོས་ཅི་རིགས་གནང། ཆུ་བཟང་དགོན་པ་ཧོས་འཁྲུགས་སྔོན་མའི་སྐབས་མེར་བསྲེགས་པ་བསྐྱར་བཞེངས་མཛད། བླ་བྲང་སྒོ་མང་རིན་པོ་ཆེ་ལས་ཟབ་ཆོས་མང་དུ་གསན། མ་ཡང་པཎྚི་ཏ་ལས་གསོ་རིག་གི་གཞུང་ལ་མཁས་པར་སྦྱངས། ལྕང་སྐྱ་སྐུ་ཕྲེང་བདུན་པའི་ཡོངས་འཛིན་མཛད། རབ་བྱུང་བཅོ་ལྔ་བའི་ཆུ་གླང་ཕྱི་ལོ་ ༡༩༡༣ ལོར་སྐུ་གཤེགས། གསུང་རྩོམ་པོད་གཉིས་ཙམ་བཞུགས།