གཡོན་རུ་

མིང་ཚིག

1 རུ་གཡས་གཡོན་གཉིས་སུ་ཕྱེ་བའི་ནང་ནས་གཡོན་རུ་སྟེ།

དཔེར་ན། གཡོན་རུའི་དམག། གཡོན་རུའི་དཔོན་ལྟ་བུ།

2 སོག་པོ་ཨོ་རོད་ཚོ་བཞིའི་ནང་གསེས་ཀྱི་ཇུན་གར་གྱི་མིང་གཞན་ཞིག།

3 དབུས་གཙང་རུ་བཞིའི་ཡ་གྱལ་གྱི་རུ་ལག་གི་མིང་གསར་པ།

--

གཡོན་རུ་རྙིང་མ་གྲྭ་ཚང་

མིང་ཚིག

གཡོན་རུ་རྙིང་མ་གྲྭ་ཚང་ནི། སྔོན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་དགའ་ལྡན་རབ་རྒྱས་གླིང་གི་ཆོས་སྡེ་དང་གཅིག་ཡིན། དེའི་རྗེས་རབ་བྱུང་བཅུ་གཉིས་པའི་མཇུག་ཙམ་དུ། ཀཿཐོག་པ་དགོན་ཉིན་སྤྲུལ་སྐུ་འགྱུར་མེད་ངེས་དོན་བསྟན་འཛིན་གྱི་ཡང་སྲིད་གཡོན་རུ་དཔོན་ཚང་ལ་སྐུ་འཁྲུངས་ཏེ་དགོན་ཉིན་མཆོག་སྤྲུལ་གཞན་ཕན་རྡོ་རྗེ་ཞེས་པ་དེ་ཀཿཐོག་རྡོ་རྗེ་གདན་གྱི་གསེར་ཁྲིར་མངའ་གསོལ་ནས་བསྟན་པའི་བདག་པོ་ལོ་མང་མཛད། སླར་ཁྱིམ་གཞིས་སུ་བྱོན་ཏེ་རབ་རྒྱས་གླིང་གི་ཆོས་སྡེ་ནས་གྲྭ་ཚང་ཕྱོགས་གཅིག་ཟུར་དུ་ཕྱུང་ནས་ཀཿཐོག་ཆོས་བརྒྱུད་འཛིན་པའི་རྙིང་མའི་གྲྭ་ཚང་གི་ཆོས་སྡེ་འདི་བཙུགས་པ་ཡིན། འོན་ཀྱང་དགའ་ལྡན་རབ་རྒྱས་གླིང་དང་སྒྲིག་ཁྲིམས་གཅིག་པ། སྤྱི་གསོ་གཅིག་པ། དགོན་པ་གཅིག་གི་རྣམ་པ་ལྟ་བུ་ཡིན་ཡང་དགོན་ཉིན་གཞན་ཕན་རྡོ་རྗེས་བཀའ་མའི་དོང་སྤྲུག་སྒྲུབ་མཆོད་དང་། སྐུ་གསུམ་ཆོ་ག ཀར་གླིང་ཞི་ཁྲོ། གུ་དྲག་ཡེ་ཤེས་རབ་འབར་སོགས་ཀྱི་ཕྱག་སྲོལ་བཙུགས། ཁྱད་པར་དུ་གཡོན་རུ་འཆི་མེད་རྡོ་རྗེས་སྔ་སྲོལ་རྣམས་དང་རང་གཏེར་བཅས་ཀྱི་དབང་ཁྲིད་ཟབ་རྒྱས་དང་། དགོན་འདིའི་རྟེན་གཙོ་ནི་གསེར་ཐང་སོ་ཐར་སྡོམ་བརྒྱུད་དང་། གནས་བརྟན་བཅུ་དྲུག རྒྱ་གར་གྲུབ་ཆེན་བརྒྱད་ཅུ། གུ་རུའི་ཞལ་ཐང་བཅས་བཞུགས། དུས་འགྱུར་སྐབས་སྔ་མའི་རྟེན་རྫས་སོགས་ཅི་ཡང་ལྷག་མེད། སྤྲུལ་སྐུ་འཇམ་དབྱངས་མཆོག་དང་། གྲྭ་རྒན་རྣམས་ཀྱིས་སྦྲ་གུར་མཆོད་ཆས་སྒྲུབ་མཆོད་སོགས་གང་ཐད་ནས་སྔ་མའི་གྲྭ་ཚང་གི་མིང་མ་བོར་ཙམ་དུ་གནས། དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་ཡོད།