གཙང་

མིང་ཚིག

1 བོད་ཡུལ་དབུས་ཀྱི་དབུས་དང་གཙང་གཉིས་ཀྱི་ཟླས་ཕྱེ་བའི་གཙང་གི་མིང་། སྤྱིར་ཆུ་ཀླུང་ཆེན་པོ་ལ་གཙང་པོར་འབོད་པ་ལས་དེའི་རྒྱུད་ན་ཆགས་པའི་ཡུལ་སྡེ་རྣམས་ལ་གཙང་པ་ཞེས་པའི་ཐ་སྙད་ཐོགས་པ་ཡིན།

2 ཤིང་བསྒྲིགས་ཀྱི་ར་བ་སྟེ། ཤིང་ཕྲ་སྦོམ་རན་པ་འདོམ་དོ་བ་སོགས་མང་པོ་བསྟར་བསྒྲིགས་སུ་བསྐོར་བ་ཞིག་གོ།

རྒྱན་ཚིག

ནག་ནོག་དང་དྲི་མས་མ་གོས་པའི་དོན་ཏེ།

དཔེར་ན། ལག་གཙང་ན་རྩམ་པ་རྫིས། བོད་ཡུལ་གྱི་རི་ཀླུང་དང་ནགས་ཚལ་མེ་ཏོག་སོགས་ནི་ཆུས་བཀྲུས་པ་ལྟར་གཙང་ལྟ་བུ།

ལྡོག་ཚིག བཙོག

--

གཙང་ཁང་

མིང་ཚིག

དྲི་གཙང་ཁང་ངམ་འདུ་ཁང་གི་སྦུག་ཁང་གི་དོན་ཏེ།

དཔེར་ན། གཙང་ཁང་དུ་མཆོད་པ་ཕུལ་ལྟ་བུ།

--

གཙང་ཁམས་གྲྭ་དགོན་

མིང་ཚིག

དགོན་འདི་ནི་བོད་ལྗོངས་རྒྱལ་རྩེ་གྲོང་ཁྱེར། རྒྱ་རྩ་གཞུང་གྲོང་རྡལ། གར་སྟེགས་གྲོང་ཚོའི་ཁོངས་སུ་གཏོགས་ཤིང་། ཐོག་མར་ཁམས་ཁུལ་ནས་ཕེབས་པའི་གྲྭ་པ་ཞིག་གིས་བཏབ་ཅིང་། དེ་ཡང་ཐོག་མར་ཁམས་པའི་གྲྭ་པ་ཞིག་འདི་ཁུལ་དུ་ཕེབས་ནས་དགོན་དེའི་ཉེ་འཁོར་གྱི་སྒྲུབ་ཕུག་དེར་སྒྲུབ་པ་ཉམས་ལེན་མཛད་དེ་ཡུན་རིང་བཞུགས། ཕྱིས་སུ་དགོན་དེ་གསར་བཞེངས་མཛད་པས་ཡུལ་མི་ཚོས་ཁམས་པའི་གྲྭ་པས་བཞེངས་པའི་དགོན་པ་ཞེས་བརྗོད་པ་དང་། རིམ་བཞིན་ཁམས་གྲྭ་དགོན་ཞེས་ཐ་སྙད་ཆགས་ཡོད། དགོན་པ་བཏབ་པའི་དུས་ཚོད་དང་བསྟན་པའི་འཕེལ་འགྲིབ་སོགས་གསལ་པོར་མ་རྟོགས་ཀྱང་ཆོས་ལུགས་ནི་འབྲུག་པ་དཀར་བརྒྱུད་ཡིན་པར་གྲགས། རིག་གསར་སྐབས་རྟེན་བརྟེན་པ་དང་བཅས་པ་ཡོངས་སུ་འཐོར་ཞིག་ཏུ་སོང་བ་ནས་དེང་སྐབས་དགོན་ཤུལ་ཙམ་དུ་ལྷག་ཡོད་པ་བཅས་སོ། །

--

གཙང་ཁྲུས་

མིང་ཚིག

མི་གཙང་བའི་དྲི་མ་གཙང་སེལ་བྱེད་པའི་ཁྲུས་ཀྱི་དོན་ཏེ།

དཔེར་ན། ནམ་རྒྱུན་ལག་པ་གཙང་ཁྲུས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ལྟ་བུ།

--

གཙང་གདན་

མིང་ཚིག

1 ཆོས་ལུགས། བོན། མདོ་སྔགས་ཆོ་ག་སྤེལ་སྐབས་སུ་ངེས་པར་མཁོ་བའི་གདན་ཞིག་ཡིན།

2 ཡི་དམ་རྟེན་གཏོར་སོགས་ཀྱི་གདན་ཡིན་ཏེ། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། སྣམ་ཕྱིང་དཀར་པོ། ཚན་དང་ཁྲུས་ཀྱིས་བསངས་བའི་སྟེང་དུ། འབྲུའི་ཕུང་པོ་སྤུངས་ལ། ཞེས་སོ། །འདིས་གཏོར་མའི་གཙང་གདན་བསྟན་ཞིང། ཐོག་མ་ཡི་དམ་དཀྱིལ་འཁོར་བཞེས་སྐབས་སུ་སྣམ་ཕྱིང་དང་། ཁ་དོག་སྣ་ལྔའི་རས་སམ། ཡང་ན་རས་དཀར་ཞིག་ཡི་དམ་གཞི་མ་དཀར་པོ་ངེས་པར་དུ་འདིང་ཡོད།

3 སྒྲུབ་གཤེན་རྣམས་ཀྱི་བཞུགས་གདན་གཙང་མ་ཞིག་སྟེ། དེ་ཡང་སྒྲུབ་གཤེན་རྣམས་གཟི་བརྗིད་ཆེ་བར་འདོན་པ་དང། ཉོན་མོངས་མ་དག་པའི་སེམས་སོགས་ལ་སྤང་གཉེན་བསྐྱེད་པའམ། ཡང་ན་དེ་རིགས་ཤས་ཆུང་བའི་བརྡ་མཚོན་པ་ཞིག་སྟེ། གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ་ཐར་ལམ་གསལ་བའི་སྒྲོན་མེ་ལས། གཙང་ལྷམ་སྐུ་ཆིང་རེའུ་ཕྲེང་སོགས་མཛེས་བརྗིད་སྒེག་པའི་ཆས་དང་། ཞེས་དང། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། གཙང་གདན་ཉོན་མོངས་དུག་ལྔ་འཇོམས། ཞེས་སོ། །བཟི་དབྱིབས་དང་། རྒྱུ། ཁ་དོག་སོགས་འདི་ཞེས་ཁ་གསལ་མ་རེག་ཀྱང་། རྒྱུ་དང་མདོག་སོགས་སྤུས་ཀ་ལེགས་པ་ཞིག་དགོས་སྟེ། བསོད་ནམས་ཚོགས་རྫོགས་ཕྱིར་དུ་བསགས་པའི་རྫས་ཡིན་ནོ། །

--

གཙང་གནས་

མིང་ཚིག

མངོན་བརྗོད། དྲང་སྲོང༌སྟེ། སྤྱོད་ལམ་གཙང་བར་གནས་པས་སོ། །

--

གཙང་གསང་གླིང་དགོན་

མིང་ཚིག

དགོན་འདི་བོད་དབུས་གཞིས་ཀ་རྩེའི་པ་སྣམ་གསང་གླིང་གྲོང་ཚོའི་རི་འདབས་སུ་ཆགས་ཡོད། ཐོག་མར་རྗེ་མར་པའི་དངོས་སློབ། རྔོག་ཆོས་སྐུ་རྡོ་རྗེས་བཏབ་པའི་བཀའ་བརྒྱུད་པའི་དགོན་སྡེ་ཞིག་ཡིན་ཅིང་། སྔར་རྔོག་ཆོས་སྐུ་རྡོ་རྗེ་ཁུལ་དེར་བྱོན་སྐབས་དགོན་པ་ཞིག་འདེབས་དགོས་དགོངས་ནས་དབུ་ཞྭ་ནམ་མཁར་འཕངས་ཏེ། གང་དུ་བབས་ཀྱང་དེ་གར་དགོན་པ་འདེབས་དགོས་དགོངས་པས་ན། དབུ་ཞྭ་ད་ལྟ་དགོན་པ་བཏབ་སའི་བྱང་ངོས་ཀྱི་ས་ཆ་ཞིག་ཏུ་བབས། འོན་ཀྱང་དབུ་ཞྭ་བབས་ཡུལ་དེར་འཐུང་ཆུ་མེད་པ་དང་། ས་ཆ་ཡང་ཧ་ཅང་སྐྱོ་པོ་ཡོད་སྟབས་བླ་མའི་ཞལ་ནས། ས་ཆ་འདིའི་མིང་ལ་སྐྱོ་ཡུལ་གྱིས་ཤིག་ཧ་ཅང་སྐྱོ་པོ་འདུག་གསུངས་པར་གྲགས། དེ་རྗེས་གསང་གླིང་རིན་པོ་ཆེ་གདན་ས་འདིར་བྱོན་པ་ནས་འབྲུག་པ་བཀའ་བརྒྱུད་པའི་ལུགས་སུ་མཛད་དེ་དགོན་འདི་འབྲུག་པ་བཀའ་བརྒྱུད་པའི་གདན་ས་ཞིག་ཏུ་གྱུར་པ་མ་ཟད། གསང་གླིང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་བསྐྱངས། རེ་རེའི་མཚན་མི་གསལ་ཡང་། སྐུ་ཕྲེང་དང་པོ་པ་སྣམ་རྫོང་ཕུ་ནུབ་གྲོང་། སེབ་སྣང་དཔལ་བརྩེག་གནས་ཞེས་པར་སྐུ་འཁྲུངས། གཉིས་པ། དབང་ལྡན་གྲོང་། དབང་ལྡན་བཀྲག་ཅེས་པར་འཁྲུངས། གསུམ་པ། དཀྱིལ་དཀར་ལཱ་བ་ཀ་ཐོག་ཏུ་འཁྲུངས། བཞི་པ། གཙང་ར་ལུང་གཞིས་གཉེར་དུ་སྐུ་འཁྲུངས། ལྔ་པ། དཔལ་ལུན་ད་མཐུ་སྟོབས་མཆོག་ནི། རྒྱལ་རྩེ་རྫོང་གཙང་ཁ་ཤང་གཙང་ཆུང་གྲོང་ཚོར་གཙང་ཆུང་གོང་མའི་སྲས་སུ་འཁྲུངས། འབྲུག་བདེ་ཆེན་ཆོས་འཁོར་གླིང་དགོན་དུ་བྱོན། ཞབས་ཡོངས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ཅིང་དབང་ལུང་རྫོགས་པར་ཞུས། འབྲུག་བདེ་ཆོས་སྒྲུབ་ཁང་དུ་ཕྱག་ཆེན་དང་། ནཱ་རོའི་ཆོས་དྲུག་སོགས་ཀྱི་ཉམས་ལེན་ཡུན་རིང་མཛད། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱི་ཉེས་མིང་འོག་ནས་རང་ཁྱིམ་དུ་ཕེབས་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༩༠ ལོར་སླར་གསོ་གནང་རྒྱུའི་དབུ་བཙུགས་ཏེ་སྔར་གྱི་དགོན་ཤུལ་དུ་ད་ལྟའི་དགོན་ཆུང་འདི་བསྐྱར་བཞེངས་མཛད་དེ། སློབ་མ་གསུམ་ཙམ་གསོ་སྐྱོང་གནང་བ་མ་ཟད། འབྲུག་བདེ་ཆེན་ཆོས་འཁོར་དགོན་གྱི་ལུགས་ལྟར་ཆོ་ག་ཕྱག་ལེན་ཁག་ཆོག་ཁྲིད་གནང་བ་དང་། ཕྱག་ཆེན་སོགས་ཀྱི་ཁྲིད་ལུང་གནང་། ཞོར་དུ་དད་ལྡན་མང་ཚོགས་རྣམ་པའི་དགོས་མཁོ་སྐོང་བ་སོགས་སྐྱེས་བུ་དམ་པའི་གཤིས་སུ་གྲུབ། ཕྱི་ལོ་ ༡༩༩༥ ལོར་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་སྐབས་སྐུ་གཤེགས་པ་ནས་གྲྭ་རྒན་ཆོས་རྒྱལ་ལགས་ནས་ལོ་ལྔ་ཙམ་དགོན་པའི་འགན་འཁུར་གནང་། ཡང་སྲིད་བཙལ་རྙེད་བྱུང་མེད། བླ་མ་མཆོད་པ་དང་། འབུམ་དག་སྒྲོག ཚེས་བཅུ། དཀོན་སྤྱིའི་སྒྲུབ་མཆོད། ལོ་གཏོར་བརྗེ་བ་དང་སྲུང་མའི་གསོལ་མཆོད། ལྷ་བབ་དུས་ཆེན་ཉིན་དཀོན་སྤྱིའི་ཚོགས་མཆོད། དགུ་གཏོར་ཉིན་གཅིག་བཅས་ཡོད་འདུག

--

གཙང་གསིས་ཁྲོ་ལོད་ཀྱི་གནས་ཡིག་

མིང་ཚིག

རིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། གཏེར་ཆེན་གྱིས་གསུངས་པའི་གཙང་གསིས་ཁྲོ་ལོད་ཀྱི་གནས་ཡིག

--

གཙང་ཆག་

མིང་ཚིག

གཞན་ལ་འཇལ་དགོས་པའི་ཁྲལ་གྱི་རིགས་རྩ་ཆག་བྱུང་བའི་དོན་ཏེ།

དཔེར་ན། ཁྲལ་རིགས་རྣམས་གཙང་ཆག་བཏང་བས་སེམས་པ་སྐྱིད་ལྟ་བུ།

--

གཙང་ཆུ་

མིང་ཚིག

1 ཆུ་གཙང་མ།

2 གཙང་ཕྱོགས་ཀྱི་ས་ཆ་བརྒྱུད་ནས་འབབ་པའི་ཆུ་བོའི་དོན།

--

གཙང་ཆུང་ཀརྨ་ཆོས་གྲགས་རྒྱ་མཚོ་

མིང་ཚིག

སྐར་རྩིས་ལ་མཁས་པའི་རྒྱ་མཚོ་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཏེ། གཙང་ཆུང་ཆོས་གྲགས་རྒྱ་མཚོ་སྟེ མཁས་གྲུབ་ནོར་བཟང་རྒྱ་མཚོའི་བླ་མ་ཡིན།

--

གཙང་ཆུང་དགོན་

མིང་ཚིག

དགོན་འདི་ནི་གཙང་རྒྱལ་རྩེ། གཙང་འགས་གྲོང་ནས་ནུབ་བྱང་ཕྱོགས་སུ་ཆགས་ཡོད་ཅིང་། ཐོག་མར་གཙང་ཆུང་སྤྲུལ་སྐུ་སྐུ་ཕྲེང་དང་པོས་རྩ་བ་ཕུག་ཅེས་པའི་ས་ཆ་དེར་ཕྱག་བཏབ་པ་དང་། ཕྱིས་སུ་གཙང་ཆུང་སྐུ་ཕྲེང་གང་རུང་ཞིག་གིས་ད་ལྟའི་གནས་འདིར་སྤོ་གནང་མཛད། གཙང་ཆུང་སྤྲུལ་སྐུ་དཔལ་ལྡན་ངག་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་མཆོག་ནི་འབྲུག་བདེ་ཆེན་ཆོས་འཁོར་དགོན་པར་སྐྱབས་རྗེ་ཆོས་མགོན་བརྒྱད་པ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོའི་ཞབས་པད་བསྟེན་ཅིང་། དབང་ལུང་ཁྲིད་གསུམ་རྫོགས་པར་ཞུས་ཐོག་བདེ་ཆོས་སྒྲུབ་ཁང་དུ་ལྟ་བ་ཕྱག་རྒྱ་ཆེན་པོ་དང་། སྒོམ་པ་ནཱ་རོའི་ཆོས་དྲུག་སོགས་སྒྲུབ་པ་ཉམས་ལེན་མཛད་དེ་ཡུན་རིང་བཞུགས། ཕྱིས་རང་དགོན་དུ་བྱོན་ཁར་དུས་རྐྱེན་དབང་གིས་བླ་གྲྭ་གཞན་ལྟར་སེར་ཁྱིམ་པར་གྱུར་འདུག། བོད་དུ་སྤྱི་ཚོགས་ལྷིང་འཇགས་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་ཆོག་པའི་སྲིད་ཇུས་མགོ་ཚུགས་པར་བརྟེན། སླར་ཡང་ཕྱི་ལོ་ ༡༩༨༣ ལོ་ཙམ་དུ་དགོན་ཤུལ་དེ་གར་རིན་པོ་ཆེ་མཆོག་ནས། འདུ་ཁང་ཀ་བ་དྲུག་དང་། སྒོ་འཕྱོར་ཀ་བ་གཉིས། རུང་ཁང་ཀ་བ་གཉིས། གཟིམ་ཆུང་ཀ་བ་གཅིག གཉེར་ཚང་ཀ་བ་གཉིས། མགོན་ཁང་ཀ་བ་གཅིག གྲྭ་ཤག་བཞི་བཅས་བསྐྱར་བཞེངས་གནང་སྟེ་བཙུན་མ་ལྔ་ཙམ་གསོ་སྐྱོང་གནང་། སླར་བདེ་ཕུ་དགོན་ཡང་བསྐྱར་བཞེངས་གནང་བ་སོགས་བསྟན་ལ་སྨན་པའི་ཕྱག་ལས་མང་དུ་བསྒྲུབས། རིན་པོ་ཆེ་མཆོག་དགུང་ལོ་བཞི་བཅུ་ཞེ་ལྔ་ཕྱི་ལོ་ ༡༩༨༧ ལོར་དགོངས་པ་རྫོགས། སྐུ་གདུང་ཞུགས་འབུལ་སོགས་གསང་གླིང་རིན་པོ་ཆེས་གནང་སྟེ། སྐུ་གདུང་མཆོད་རྟེན་དགོན་པའི་ཉེ་འགྲམ་དུ་བཞེངས་པ་ད་ལྟ་མཇལ་རྒྱུ་ཡོད། ཕྱིས་དགོན་འདིའི་འགན་འཁུར་བ་ཡག་པོ་མ་བྱུང་སྟབས་བཙུན་མ་རྣམས་ཀྱང་རང་རང་ཕྱོགས་ཁག་ཏུ་སོང་སྟེ་ད་ལྟ་དགོན་པར་ཡོན་ཆབ་ཙམ་ཡང་འབུལ་མཁན་མེད་པར་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད། མ་དགོན་འབྲུག་བདེ་ཆེན་ཆོས་འཁོར་གླིང་ཡིན་ནོ། །

--

གཙང་ཆེན་ཆོས་ཀྱི་དབང་ཕྱུག་

མིང་ཚིག

ཁོང་ནི། རབ་བྱུང་བདུན་པའི་ནང་། རོང་སྤང་ཆེན་དུ་འཁྲུངས། རྒྱལ་བ་ལོ་རས་པའི་སྐུ་སྐྱེར་གྲགས། མཁས་བཙུན་གཟི་བརྗིད་ལས་རས་ཆུང་སྙན་བརྒྱུད་སྐོར་གསན། རིན་ཕུག་དང་། ཡོམ་ཆོས་སྡིངས་སོགས་དྭགས་ཀོང་ལྷོ་རྒྱུད་ཕྱོགས་སུ་དགོན་གནས་དུ་མ་བཏབ། འདི་རྒྱལ་དབང་རྗེ་དང་དུས་མཉམ་པས། རྒྱལ་དབང་རྗེའི་རྣམ་ཐར་དུ། སོ་གསུམ་པར་རྨི་ལམ་དུ་བུད་མེད་དཀར་མོས་དར་ཡུག་ཞིག་ཕུལ་ནས། ལྷོ་རྒྱུད་ལ་ཕེབས་པ་ཞུ་ཟེར་བ་ཞིག་བྱུང་ནས། དེ་ནས་རིང་བོ་མ་ལོན་པར་ཆོས་རྗེ་གཙང་ཆེན་པས་ལྷ་སར་གདན་དྲངས་ནས། གསེར་གྱི་འཁོར་ལོས་གཙོས་པའི་འབུལ་བ་དཔག་མེད་བྱས་ཏེ། ཙ་རི་ལ་ཅིས་ཀྱང་ཕེབས་པ་ཞུ་ཞེས། ནན་ཆེར་མཛད་པ་ལ་བརྟེན་ནས། ཕེབས་པའི་ཞལ་བཞེས་མཛད། སོ་བདུན་ལ་ཙ་རིར་ཐེགས་སྐབས། ཀོང་པོ་ང་ལར་ཕེབས་དུས། ཆོས་རྗེ་གཙང་ཆེན་པའི་ཇ་འདྲེན་བཅས། དགོན་དུ་ཕེབས། དགོན། རྫོང་། ང་ལ། སྤྲོག་པ་རྣམས་ཀྱིས་བརྒྱ་འབུལ་མང་དུ་བྱས། དེ་ནས་ཆོས་ར་བ་རྣམས་ཀྱིས་གདན་དྲངས། དེར་ཕ་བོང་ཞིག་ལ་ཕྱག་རྗེས་ཤིན་ཏུ་གསལ་བ་ཞིག་བྱོན། དགུང་ལོ་ཞེ་གསུམ་ལ་ཆོས་རྗེ་གཙང་ཆེན་པ་སྐུ་གཤེགས་ནས། ཡོམ་ཆོས་སྡིངས་སུ་ཕེབས། གནང་སྦྱིན་དཔག་མེད་མཛད་ཅེས་བྱུང་བས། ཕན་ཚུན་འབྲེལ་བ་ཤིན་ཏུ་ཟབ་པར་སྣང་ངོ་། ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ། རྒྱལ་དབང་རྗེ་དགུང་ལོ་ཉི་ཤུའི་ནང་ཙམ་ལ་སྤྱན་དྲངས་པར་གསུངས་པ་ནི། གོང་གི་རྣམ་ཐར་ལས་ལོ་ཚིགས་མཐར་ཆགས་སུ་གསལ་བར་བསྟན་པ་དང་མི་མཐུན་པས་མི་འཐད་ཅིང་། དེ་བཞིན་རྒྱལ་དབང་རྗེ་ལ་མ་དད་པ་སྐྱེ་ཚུལ་གསུངས་པ་སོགས་ལ་རྒྱུ་མཚན་ཡང་དག་མི་འདུག་སྟེ། རྒྱལ་དབང་རྗེ་ནི། དགུང་ལོ་ཉི་ཤུ་པར་ཇོ་གདན་ཚོགས་པའི་མཁན་པོ། དོན་གྲུབ་དཔལ་བ་ལ་བསྙེན་པར་རྫོགས། དེ་ནས་ཐེམ་སྤངས་རྡོར་དཀར་མཛད་ཅིང་། ཅོག་པུ་ཁོ་ན་ལ་བརྟེན་ནས་ཅོག་སྒར་གྱི་སྲོལ་བཏོད་དེ། མཉམ་མེད་ཐུབ་པའི་དབང་པོ་འཁོར་བཅས་སླར་ཡང་བྱོན་པ་ལྟ་བུར་དད་ལྡན་དང་བ་འདྲེན་པ་ཞིག་ཡིན་གྱི། དེ་འདྲ་འབྱུང་བའི་ཁུངས་མེད། དེས་ན་ཀུན་མཁྱེན་ཆོས་འབྱུང་ལས། གཤེགས་ལོ་ཡང་རབ་བྱུང་བདུན་པའི་ལྕགས་སྟག ༡༤༧༠ ལོར་ཡིན་པར་ངེས་སོ། རྒྱལ་དབང་རྗེ་ལ་སྦྱོར་གཏོད་ཞུས་ཀྱང་དེ་ཉིད་རིང་པོར་མ་ལོན་པར་གཤེགས་ནས། སྦྲུམ་པ་ལ་བདེ་གཟར་གྱི་ས་ཁག་པའི་སྐབས་སུ་སྦྲུམ་པས་སྤྲུལ་སྐུ་ཞྭ་དམར་བ་ལ་སྦྱོར་གཏོད་བྱས་ཏེ་ཆོས་བརྒྱུད་དེ་ཁར་འདུག་པའི་ལུགས་སོ། །ཞེས་གསུངས་པ་ལྟར་རྒྱལ་དབང་རྗེ་ལ་སྦྱོར་འཇགས་ཞུས་ཀྱང་གཙང་ཆེན་གཤེགས་སྔ་བ་དང་། སྡེ་གཟར་གྱི་དབང་གིས་དེ་བཞིན་བྱུང་བ་ཡིན་ནོ། །

--

གཙང་ཉ་

མིང་ཚིག

བོད་ཀྱི་དབུས་གཙང་ཁུལ་དུ་རྒྱུགས་ཆུ་ཆེ་ཙམ་ལ་གཙང་པོ་ཟེར་བས་དེའི་ནང་དུ་གནས་པའི་ཉ་སྟེ། དོན་དུ་རྒྱུགས་ཆུའི་ནང་གི་ཉ་ལ་ཟེར་བ་ཡིན།

--

གཙང་ཉང་རོང་

མིང་ཚིག

རྒྱལ་རྩེ་ཕྱོགས་ཀྱི་ལུང་པ་ཡོངས་ཀྱི་སྤྱི་མིང་དུ་ཉང་གསེར་གཞུང་རིང་མོ་ཟེར།

--

གཙང་དག་

རྒྱན་ཚིག

ཡོངས་སུ་དག་པའམ་ལྷག་ལུས་མེད་པའི་དོན་ཏེ།

དཔེར་ན། ཉེས་ཅན་རྣམས་རྒྱལ་ཁྲིམས་ཀྱི་གཙང་དག་བཟོས། གད་སྙིགས་གཙང་དག་བཟོ་དགོས་ལྟ་བུ།

--

གཙང་དགའ་ལྡན་བཞི་པ་འཇིགས་མེད་བཤེས་གཉེན་

མིང་ཚིག

གཙང་དགའ་ལྡན་སྐུ་ཕྲེང་བཞི་པ་འཇིགས་མེད་འགྲོ་བའི་བཤེས་གཉེན་མཆོག་ནི། རྒྱལ་རྩེ་གུ་ལ་སྤེ་འོག་ཞེས་པར། རབ་བྱུང་བཅུ་བཞི་པའི་མེ་འབྲུག་ ༡༨༥༦ ལོར་འཁྲུངས། སྐུ་ཆུང་ངུའི་དུས། འབྲུག་སྡིངས་པོ་ཆེ་གཅུང་ཡངས་པ་བློ་བདེའི་ཞབས་པད་བསྟེན་ནས་མཁས་པར་གྱུར་ཏེ། སྡིངས་ཆེ་དགོན་གྱི་མཁན་པོ་མཛད། དེ་ནས་ཅོག་གྲྭ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཀའ་བཀོད་ལྟར། བསམ་སྒྲུབ་ཆོས་སྡིངས་དགོན་གྱི་བླ་ཚབ་གནང་བ་དང༌། གཞིས་རྩེའི་ཉེ་འགྲམ་དུ་གནས་པའི་ཅོག་གྲྭ་སྙན་གྲགས་དཔལ་བཟང་གི་སློབ་མ་གྲུབ་ཆེན་མི་ཕམ་ཡོངས་འདུས་ཀྱིས་ཕྱག་བཏབ་པའི་བཀའ་བརྒྱད་དགོན་པའི་ཉམས་གསོ་མཛད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེ། མཐར་དགུང་ལོ་བརྒྱད་ཅུ་ཐམ་པ་ཤིང་ཕག་ ༡༩༣༥ ལོར་བཀའ་བརྒྱད་དགོན་དུ་གཤེགས་སོ། །དགོངས་རྫོགས་ཀྱི་བྱ་བ་རྣམས་ཁམས་བྲག་རིན་པོ་ཆེས་གནང་ཞིང༌། ཇག་མེའི་རྟེན་ལ་མེ་འབར་བ་སོགས་རྟགས་མཚན་བཟང་པོ་མང་དུ་བྱུང་ངོ༌། །སྐུ་ཕྲེང་ལྔ་པ་ཆོས་རྒྱལ་དབང་པོ་མཆོག་ནི་ད་ལྟ་བསྟན་འགྲོའི་དོན་དུ་སྐུ་འཚོ་གཞེས་སུ་བཞུགས་སོ། །དེ་ཡང་ཀུན་མཁྱེན་པདྨ་དཀར་པོ་མྱང་སྨད་བསེ་བྲག་གཡའ་ལུང་དགོན་པར་བཞུགས་སྐབས། ཞབས་དྲུང་ཀུན་དགའ་བསོད་ནམས་རྒྱལ་མཚན་གྱིས་ཞབས་ལ་གཏུགས་ནས་སྒྲུབ་པར་ཞུགས། དེས་དུས་ཀུན་མཁྱེན་ཆེན་པོས། ལྷོ་ནུབ་ཀྱི་ཕྱོགས་ན་རྒྱབ་རི་གདུགས་འདྲ་བ། གཡས་རི་ཡོལ་བས་བཅད་པ་དང་འདྲ་བ། ས་དབྱིབས་སྒྲོལ་མའི་བརླ་ནང་འདྲ་བ་དེར་སྒྲུབ་སྡེ་བཏབ་ན། བདེ་ཞིང་དགའ་བ་དང་ལྡན་པའི་ལུང་བསྟན་མཛད་པ་ལྟར། ཡུལ་དཔོན་སྡེ་པ་སྤེ་རྒྱང་པའི་སྲས་མགོན་པོ་རྡོ་རྗེས་ས་ཆ་དེ་ཕུལ་ཏེ། དགའ་ལྡན་དགོན་པ་ཕྱག་བཏབ་པ་ནས་བཟུང༌། པ་སྣམ་ཤར་ཕྱོགས་དགའ་ལྡན་དགོན་པར་གྲགས། དེར་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་མཐར་ཞི་བར་གཤེགས་སྐད། དེ་ནས་རིམ་བཞིན་སྐུ་ཕྲེང་གཉིས་པ་གྲུབ་དབང་རིན་པོ་ཆེ་དང༌། གསུམ་པ་སྐལ་བཟང་སྒྲུབ་བརྒྱུད་ཅེས་པར་བྱོན་འདུག

--

གཙང་དབྲེ་

རྒྱན་ཚིག

1 གཙང་བ་དང་བཙོག་པའི་མིང་སྟེ། དབྲེ་ནི་བཙོག་པའི་དོན་ཡིན།

2 ཡི་གར་འོང་བའམ་བློར་འབབ་པ་དང་། ཡི་གར་མི་འོང་བའམ་བློར་མི་འབབ་པའི་དོན།

--

གཙང་དམེ་

རྒྱན་ཚིག

གཙང་རྨེ་ཡི་འབྲི་ཚུལ་གཞན།

--

གཙང་དུས་

རྒྱན་ཚིག

དུས་ཚོད་ཚར་བའམ་རྫོགས་པའི་དུས་ཏེ།

དཔེར་ན། གུང་སེང་གི་དུས་ཡུན་གཙང་དུས་སློབ་གྲྭར་ཕྱིར་ལོག་ལྟ་བུ།

མིང་ཚིག

སྔར་སྡེ་སྲིད་གཙང་བས་བོད་ལ་དབང་བསྒྱུར་བྱས་པའི་དུས་ཡུན་གྱི་མིང་སྟེ།

དཔེར་ན། གཙང་དུས་སུ་དབུས་ཁུལ་ལ་དམག་འཁྲུག་མང་པོ་བྱུང་ཡོད་ལྟ་བུ།

--

གཙང་ནག་པ་བརྩོན་འགྲུས་སེང་གེ་

མིང་ཚིག

དུས་རབས་བཅུ་གཉིས་པའི་སྟོད་དུ་འཁྲུངས། དགེ་བའི་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ལྷག་པར་དུ་ཕྱཱ་བ་ཆོས་ཀྱི་སེང་གེ་ལ་བསྟེན་ནས་ཚད་མ་དང་དབུ་མ་སོགས་ལ་སྦྱངས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྙེན་པ་མང་དུ་བཟླས། བློ་རྣོ་ཞིང་རིགས་ལམ་ལ་ཤིན་ཏུ་བྱང་བས་སེང་ཆེན་བརྒྱད་ལས་དང་པོ་ཡིན། ཕྱཱ་བ་ཆོས་ཀྱི་སེང་གེས་སློབ་དཔོན་ཟླ་བ་གྲགས་པའི་གཞུང་ལ་དགག་པ་མང་དུ་མཛད་ཀྱང་། ཁོང་གིས་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་ལ། སྦྱངས་པའི་སྟོབས་ཀྱིས་གཞུང་དོན་ངེས་གྱུར་པ། ང་འདྲའི་སྐྱེ་བོ་སླན་ཆད་འབྱུང་མི་འགྱུར། ཞེས་གསུངས་ནས་གཙིགས་སུ་འཛིན། དབུ་མའི་བསྡུས་པའང་ཆེ་ཕྲ་མང་དུ་མཛད་པ་རྣམས་ཟླ་བ་གྲགས་པའི་ལུགས་ཡིན། ཚད་མ་རྣམ་ངེས་ཀྱི་འགྲེལ་ཆེན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྦྱོར་དང་། བསླབ་བཏུས། སྤྱོད་འཇུག དབུ་མའི་བསྟན་བཅོས་རྣམས་ལའང་རྣམ་བཤད་མང་དུ་བརྩམས། །

--

གཙང་པ་

མིང་ཚིག

བོད་གཙང་ཕྱོགས་ཀྱི་མི་ལ་ཟེར།

--

གཙང་པ་ངག་དབང་བསོད་ནམས་

མིང་ཚིག

དུས་རབས་བཅུ་བདུན་པའི་མགོར་གཙང་ཡུལ་དུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ཉེར་དྲུག་པ་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་ཤར་སྐལ་ལྡན་རྒྱ་མཚོས་ཆོས་འབྱུང་ས་བོན་བརྩམས་སྐབས་བྱ་ཁྱུང་དགོན་གྱི་གདན་སའི་མཁན་ཁྲི་ལས་ཐོག་པ་ཡིན། ཆོས་འབྱུང་ས་བོན་ལས། ཁྱད་པར་དུ་ངག་དབང་བསོད་ནམས་འདི་བ་དེང་སང་དགོན་སྡེ་གྲྭ་ཚང་དང་བཅས་པར་ཤིན་ཏུ་ཕན་པ་ཞིག་གོ་ཞེས་འཁོད་ཡོད། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བཅུ་གསུམ་པ་ཡིན།

--

གཙང་པ་བདུན་བརྒྱུད་

མིང་ཚིག

ལོ་རྒྱུས། རྗེ་ཙོང་ཁ་པ་སྐུ་གཤེགས་རྗེས་དགའ་ལྡན་ཁྲི་པ་བྱེད་མཁན་གཙང་པ་ཁོ་ན་ཡིན་པའི་རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ། ཞ་ལུ་པ་ལེགས་པ་རྒྱལ་མཚན། བློ་གྲོས་ཆོས་སྐྱོང༌། བ་སོ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་བརྟན་པ། སྨོན་ལམ་དཔལ་བ་སྟེ་བདུན་ནོ། །

--

གཙང་པ་བསྟན་སྐྱོང་དབང་པོ་

མིང་ཚིག

ཡབ་གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་སུ་རབ་བྱུང་བཅུ་པའི་ལྕགས་བྱི་ཕྱི་ལོ་ ༡༦༠༠ ལ་འཁྲུངས། སྐུ་ནར་སོན་རྗེས་ཕ་ཤུལ་བུ་འཛིན་གྱི་ལས་འཁུར་བླངས་ཏེ་སྡེ་སྲིད་ཀྱི་ཁྲིར་མངའ་གསོལ་ནས་སྲིད་དབང་བཟུང༌། ཁོང་ནི་ཆོས་དང་སྲིད་གང་ལའང་མཁྱེན་པ་ཆེ། གཙང་པ་སྡེ་སྲིད་ཕ་བུ་གཉིས་ཀྱི་དུས་སུ་སངས་རྒྱས་བསྟན་པའི་ཆེ་བ་འདེགས་ཕྱིར་སྡེ་སྲིད་ཀྱིས་སེར་མོ་པའི་ཕྱག་འཚལ་མི་བཞེས་པ་དང༌། གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་པ་ལོ་རེར་གཞིས་ཀ་བསམ་གྲུབ་རྩེར་གདན་དྲངས་ནས་བསྙེན་བཀུར་ཞུ་བ། ཆབ་འབངས་བདེ་ལ་འཁོད་ཕྱིར་ཁྲིམས་སྲོལ་གའུ་ལི་ཆེན་མོ་བསྒྲིགས་པ། ཁྲལ་འུལ་ཡང་བཟོས་གཏོང་བ། ཆོ་འཕྲུལ་དུས་ཆེན་སྐབས་རི་རྒྱ་ཀླུང་རྒྱ་སྡོམ་དགོས་པ་སོགས་གཏན་འབེབས་མཛད། འོན་ཀྱང་རྗེས་སུ་ཆོས་ལུགས་འཐེན་འཁྱེར་གྱི་དབང་དུ་སོང་ནས་སྡེ་སྲིད་བསྟན་སྐྱོང་དབང་པོས་བཀའ་བརྒྱུད་ཀྱི་ཞྭ་དམར་བ་དང་ཇོ་ནང་པའི་གྲུབ་མཐའ་ལ་རྒྱབ་སྐྱོར་དང༌། དགེ་ལུགས་པའི་གྲུབ་མཐའ་ལ་སྡང་ཟུག་གིས་གནོན་ཤུགས་རིམ་བཞིན་ཇེ་ཆེ་ཇེ་སྡུག་ཏུ་བཏང་བའི་རྐྱེན་གྱིས་མཐར་དགེ་ལུགས་པའི་སྦྱིན་བདག་གུ་ཤྲཱི་ཧན་གྱི་དམག་དཔུང་བོད་དུ་སླེབས་ནས་གཙང་པ་སྡེ་པའི་སྟོབས་ཤུགས་རྨེག་མེད་དུ་བཏང་ཐོག རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་བསྟན་སྐྱོང་དབང་པོ་བཟུང་ནས་བཀྲོངས་པ་དང༌། སྡེ་སྲིད་གཙང་པའི་སྲིད་དབང་ཡང་དེ་ནས་མཇུག་བསྒྲིལ།

--

གཙང་པ་བླ་མ་པདྨ་རྒྱལ་མཚན་

མིང་ཚིག

ཁོང་གཙང་གཤིས་སུ་སྐུ་འཁྲུངས། ཐོག་མར་ཀཿཐོག་ཏུ་བྱོན་ནས་དྲུང་ཚོ་བ་བློ་གྲོས་བཟང་པོ་ལས་ཀཿཐོག་སྔ་རབས་པའི་ཕྱག་སྲོལ་མདོ་སྒྱུ་སེམས་གསུམ་དང༌། ཉང་དང་གུ་རུ་ཆོས་དབང་སོགས་ཀྱི་ཟབ་གཏེར་བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་རྣམས་རྫོགས་པར་གསན། སླར་དབུས་སུ་ཐེགས་ཏེ་མཁས་གྲུབ་ཆེན་པོ་སོག་ཟློག་པ་བློ་གྲོས་བཟང་པོ་དང༌། གཏེར་ཆེན་ཞིག་པོ་གླིང་པ་རྣམས་ལས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་ཡོངས་ཀྱི་སྨིན་གྲོལ་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཀཿཐོག་ནས་བུ་འབོར་པ་བཀྲ་ཤིས་རྒྱ་མཚོས་ཞིག་གླིང་མདུན་མུན་གླིང་དུ་སྒྲོན་མེ་ལྟ་བུའི་བླ་མ་ཞིག་གཏང་རོགས་ཞུ་ཞེས་ཞུས་པའི་ལན་དུ་གཙང་པ་སླར་ཀཿཐོག་ཏུ་བྱོན། དེ་སྐབས་བཀའ་བརྒྱད་དང་དགོངས་འདུས་སོགས་ཀྱི་ཆོས་དཔེ་མང་པོ་བྱ་རྒོད་ཀྱིས་དངོས་སུ་ཀཿཐོག་ཏུ་གདན་དྲངས་པར་གྲགས། གཙང་པ་བར་ཁྲོད་སྤང་ངོས་སུ་བཞུགས། བཀའ་དགོངས་སོགས་ཀྱི་དབང་ལུང་སྤྱི་དང༌། ཁྱད་པར་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་དབང་དང་ཁྲིད་བཅས་རྩལ་དུ་བཏོན་ནས་གསུང༌། ཀཿཐོག་ཏུ་ཨ་གྲོ་བ་ནམ་མཁའ་རྡོ་རྗེ་བཞུགས་པ་དང་ཕན་ཚུན་ཆོས་སྐྱེས་འབུལ་རེས་མཛད་པས་ཐུགས་ཡིད་གཅིག་ཏུ་འདྲེས། དྲུང་རྟ་མགྲིན་སྐུ་དུས་སྡེ་དགེ་བླ་མ་ཚེ་མདོ་རྒྱ་གྱིས། བར་ཁྲོད་དུ་གཙང་པ་ལས་ཡང་ཏི་དང༌། རི་རྩིབ་ཏུ་རྒྱལ་ཐང་པ་ལས་རྫོགས་ཆེན་དགོངས་པ་ཟངས་ཐལ་གསན། ཁོང་གཉིས་ལ་བར་ཁྲོད་དང་རི་རྩིབ་ཏུ་གཟིམ་ཁང་རེ་རེ་བརྒྱབ། དེ་སྐབས་ཀཿཐོག་ནང་སོ་ལ་མ་ལ་བླ་མ་ཞེས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་ཀྱང་ཡོད་དོ། །

--

གཙང་པ་བློ་གྲོས་བཟང་པོ་

མིང་ཚིག

ཁོང་ནི། འོན་གྱི་བྱིན་ཕག་ཏུ་རབ་བྱུང་དྲུག་པའི་ལྕགས་བྱི་ ༡༣༦༠ ལོར་འཁྲུངས། བྱིས་པའི་དུས་ཡབ་རིན་སྤུངས་ན་ཡོད་པས། དེར་སྙེགས་ནས་རིན་སྤུངས་པའི་ཁང་གཉེར་མཛད། དེ་ནས་ཆོས་ལ་མོས་པ་ཡང་དག་པར་སྐྱེས་ཏེ། བླ་མ་ཆོས་དབྱིངས་པའི་དྲུང་དུ་གཏུགས། དེ་དང་མི་རིང་བར་ཆོས་རྗེ་འབའ་ར་བའི་ཞབས་ལ་གཏུགས་ཏེ། གདམས་པ་མང་དུ་ཞུས་ནས་བསྐྱངས། བླ་མ་མཐའ་ཡས་པ་ལ་གདམས་པ་གསན། དེའི་སྟོབས་ཀྱིས་སློབ་མ་ལ་ཁྲིད་རིམ་འབོགས་པ་ཡང་གདམས་ངག་གི་སྣ་མི་གཅིག་པ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་པར་གྲགས། གངས་ཏི་སེར་ཡང་བྱོན་ཞིང་བཞུགས། དེ་ནས་ཆོས་འཚོལ་བའི་ཕྱིར་རྒྱ་གར་ནུབ་ཕྱོགས་ལྕམ་བེ་རྒྱལ་ཁམས་སུ་ཡང་བྱོན། རྒྱ་གར་ཤར་ཕྱོགས་ཤིང་གི་རིར་ཡང་བྱོན། ལ་སྟོད་ལྷོར་ལོ་ཤས་བཞུགས་ནས། སི་ཏུ་ཆོས་རིན་གྱིས་ཞབས་ནས་བཏེག ཕྱིས་སྐྱི་ཤོད་དུ་སྤང་པོ་ཁ་དང་། ལྡན་རྫོང་དུ་བཞུགས། དེ་རྗེས་གཡོར་ཕྱོགས་སུ་ཕེབས་ནས། ཡར་རྒྱབ་པ་དཔོན་ཆེན་དགེ་བསྙེན་པས་བླ་མར་བཟུང། དེ་ལྟར་ས་ཡར་མར་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་དེ། གྲ་ཕྱི་འབྲུག་གི་དགོན་པར་དགུང་ལོ་དྲུག་ཅུ་རྩ་བཞི་པ་ཆུ་མོ་ཡོས ༡༤༢༣ ལོ་ལ་གཤེགས། དེའི་སློབ་མ་རྒོད་ཕྲུག་ཆོས་རྗེ་དང་། མཁན་ཆེན་ཤཱཀྱ་གྲགས་པ་སོགས་ཡིན་ནོ། །

--

གཙང་པ་ཡེ་ཤེས་དཔལ་འབྱོར་

མིང་ཚིག

རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ཕྱི་ལོ་ ༡༧༡༤ ལོར་གཙང་རོང་རིན་སྤུངས་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་ཡབ་བློ་བཟང་རྡོ་རྗེ་དང་། ཡུམ་དཔོན་མོ་ལྷ་དགའ་ལྡན་འཛིན་གཉིས་ཀྱི་སྲས་སུ་འཁྲུངས། ལྔ་པར་ཡབ་ཀྱིས་སྐུ་ཡོན་སྒྲོན། བཅུ་ཐམ་པར་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད། བཅུ་གཅིག་པར་སྔགས་ཆེན་དམ་ཆོས་དཔལ་འབྱོར་གྱི་དྲུང་ནས་རབ་ཏུ་བྱུང་། གཞུང་ཆེན་ཁག་ལ་གསན་བསམ་གྱི་དབུ་བཙུགས། བཅུ་དྲུག་ལ་ཚད་མ་རྣམ་འགྲེལ་ཐུགས་གཉེར་མཛད། ཉི་ཤུ་པར་དབུས་སུ་ཕེབས། འབྲས་སྤུངས་སུ་ཆོས་ཞུགས་གནང་། ཉེར་ལྔ་པར་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་བསྙེན་རྫོགས་བསྒྲུབས། ཉེར་དགུ་པར་ཁང་ཚན་དགེ་རྒན་མཛད། སོ་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་མཛད། ལྷ་རམས་ཨང་དང་པོའི་མཚན་བཏགས་བཞེས། ཞེ་གསུམ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀའ་བཞིན་སྨར་ཁམས་གོ་བོ་དགོན་གྱི་བླ་མར་ཕེབས། ཞེ་བརྒྱད་པར་དབུས་སུ་ཕྱིར་ཕེབས། འབྲས་སྤུངས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་ཕྱི་ལོ་ ༡༧༨༣ ལོར་སྐུ་གཤེགས། གསུང་རྩོམ་ནི་ཡི་དམ་གྱི་སྒྲུབ་ཐབས་བྱང་ཆོག་གཅོད་གཞུང་སོགས་རང་གཞན་གྱི་དོན་ལ་མཁོ་བའི་གསུང་ཐོར་བུ་དང་། ཉམས་མགུར་ཞལ་གདམས་བསླབ་བྱ་གསོལ་འདེབས་སྨོན་ལམ་དང་བཅས་པ། རྗེ་བཙུན་བླ་མ་མ་པ་ཡེ་ཤེས་ཅིག་དཔལ་འབྱོར་གྱི་ཞལ་སྔ་ནས་གང་གི་རྟོགས་པ་བརྗོད་པ་ངོ་མཚར་ལྷན་ཅིག་སྐྱེས་པའི་རོལ་མོ་བཅས་པོ་ཏི་གཅིག་བཞུགས། མཚན་གཞན། མཁན་ཆེན་ཡེ་ཤེས་དཔལ་འ་བྱོར།

--

གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ་

མིང་ཚིག

རབ་བྱུང་དང་པོའི་མེ་སྦྲུལ་ཕྱི་ལོ་ ༡༠༧༧ ལོར་གཙང་གི་སྣུབས་ཡུལ་རོང་དུ་ཡབ་སྣུབས་ཨ་ལ་ལ་དང་། ཡུམ་རལ་རྒྱགས་བཟའ་ལྕམ་མི་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་གཉིས་པ་ནས་བཟུང་རྔོ་ལོ་དང་། གཉན་ལོ། བ་རི་ལོ་ཙཱ་བ། རྭ་ལོ། བཙན་ཁ་བོ་ཆེ་བཅས་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། དིང་རིར་ཕེབས་ནས་ཕ་དམ་པ་སངས་རྒྱས་དང་མཇལ། དབང་དང་གདམས་ངག་ཞུས། བྱང་ཆུབ་ཞིང་དབང་དང་གདམས་ངག་ཞུས་པས་རྒྱུད་སྡེ་བཞིའི་དོན་རྣམས་ཐུགས་སུ་ཆུད། ཡི་དམ་མང་པོའི་ཞལ་གཟིགས། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས། བླ་མའི་ཞབས་ཏོག་ཀྱང་ཕུལ་དུ་ཕྱིན་པར་མཛད། ལོ་བ་རྣམས་ཀྱིས་སྤྱན་དྲངས་ཏེ་ལོའི་གདན་ས་མཛད། བྱ་ཡུལ་བའི་གདན་ས་བསྐྱངས། གཙང་པའི་བུ་ཆེན་བཞི་ལ་སོགས་པ་སློབ་མ་གྲགས་ཆེ་བ་བཅུ་བཞི་ཙམ་བྱོན། ལོ་བྱ་གཉིས་ཀའི་གདན་ས་ཡུན་རིང་དུ་བསྐྱངས། བརྒྱད་ཅུ་རྩ་ལྔ་པ་རབ་བྱུང་གསུམ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༡༦༡ ལོར་སྐུ་གཤེགས་བྱ་ཡུལ་དགོན་པའི་གདན་རབས་གཉིས་པ་ཡིན།

--

གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་

མིང་ཚིག

རབ་བྱུང་གསུམ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༡༦༡ ལོར་མྱང་སྟོད་ཁུ་ལེར་ཡབ་རྒྱ་ཟུར་བོ་ཚབ་པེ་དང་། ཡུམ་མར་བཟའ་དར་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་གཡུང་དྲུང་དཔལ་ཞེས་གསོལ། །ཆུང་དུས་ཀྱི་མཚན་གཡུང་དྲུང་དཔལ་ཞུ། ཕྱིས་བླ་མ་ཞང་ལས་རབ་ཏུ་བྱུང་། མཚན་ཡེ་ཤེས་རྡོ་རྗེ་ཞེས་གསོལ། བཅུ་གཉིས་པར་གཙང་རོང་དུ་ཕེབས། ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། བཅུ་གསུམ་པར་སློབ་དཔོན་རྟ་ཐང་ལས་མངོན་པ་དང་། ཡོ་ག ཞི་བྱེད་བཅས་ཞུས། བཅོ་ལྔ་པར་སློབ་དཔོན་མཁར་ལུང་བ་ལས་རྫོགས་ཆེན་དང་ཚད་མ་སོགས་གསན། སོ་དར་མ་སེང་གེ་ལས་སྤྱོད་འཇུག་དང་། ཁུ་ལུང་ལྷ་རྗེ་ཀུན་རྒྱལ་ལས་མཚན་བརྗོད། སློབ་དཔོན་འདུལ་འཛིན་ལས་ཐུགས་རྗེ་ཆེན་པོ་ཇོ་བོའི་ལུགས་བཅས་གསན། ཉེར་གཉིས་པར་སྣ་ཕུར་བྱོན། གདམས་ངག་ཞུས་པས་ཞག་བདུན་ནས་རས་རྐྱང་ཐུབ་པ་བྱུང་། རྗེས་ནས་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་གྲུབ་པ་ཐོབ། སློབ་དཔོན་རྔོག་པ་ལས་གུར་བརྟག་དང་། མ་ཧཱ་མཱ་ཡཱ། མཚན་བརྗོད་རྣམས་ཀྱི་ཕྱག་ལེན་དང་བཅས་པར་གསན། བླ་མ་གླིང་རས་པདྨ་རྡོ་རྗེ་འདས་ནས་དགོངས་རྫོགས་ལེགས་པར་བསྒྲུབས། ར་ལུང་དུ་བྱོན། ལོ་གསུམ་བཞུགས་ནས་ར་ལུང་བཏབ། རྟོགས་པ་ནམ་མཁའ་དང་མཉམ། རྗེ་བཙུན་རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་གཏེར་ལས་བཏོན། ཉེར་དགུ་པར་མདོ་བོ་རས་པ་ལས་ཆོས་དྲུག་གི་ཁྲིད་ཞུས། འབྲི་གུང་དུ་བྱོན་ནས་ཚོགས་གསན། སྐྱིད་ཤོད་དུ་ཕེབས། ཀློང་རྡོལ་ཀྱི་དགོན་པ་བཏབ། སོ་གསུམ་པར་བླ་མ་ཞང་གིས་མཁན་པོ་དང་། རྩི་འདུལ་འཛིན་གྱིས་སློབ་དཔོན་མཛད་ནས་ཆིག་རྫོགས་བསྒྲུབས། མཚན་ལ་ཡེ་ཤེས་རྡོ་རྗེ་ཞེས་གསོལ། སྙིང་རྗེ་ལ་བོག་ཆེན་པོ་ཐོན། གཙང་ཕྱོགས་དང་ཕོ་མ་ལ་སོགས་པའི་འབྲོག་བོད་དང་བྱང་ཚ་ཁ་ཚུན་ཆད་དུ་ཁྲི་བཏབ། གཞན་གྱི་ལོངས་སྤྱོད་དོན་ཡོད་པར་གནང་། འཁྲུགས་བསྡུམས་མཛད་པ་དང་བླ་མའི་གདན་སར་འབུལ་བ་བསྐྱལ་བ་ལ་སོགས་པ་དཔག་ཏུ་མེད་པར་མཛད། གནམ་གྱི་ཕུར་འབྲུག་དགོན་པ་བཏབ། སྐབས་དེར་འབྲུག་སྒྲ་དྲག་པོ་ཐེངས་འགར་གྲགས་པས་གདན་སའི་མིང་ལ་འབྲུག་ཏུ་བཏགས། ལོ་དེར་སྤྱིལ་བུ་སྟོང་དུ་ལོངས། སློབ་མ་ཁྲི་ལྔ་ཙམ་ཚོགས། ཐམས་ཅད་ལ་གདམས་ངག་བྱིན་པས་འཇིག་རྟེན་གྱི་ཞེན་ལོག ཚེ་བློས་བཏང་གི་སྒྲུབ་པ། བླ་མའི་མོས་གུས་གསུམ་གཙོ་བོར་འཛིན་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་སྟོང་ཕྲག་ལྔ་ཙམ་བྱོན། དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་གྲགས། མཚན་གཞན་ནི་ཤེས་རབ་བདུད་རྩི་འཁོར་ལོ་དང་། གཙང་པ་རྒྱ་རས་རྡོ་རྗེ་གཞོན་ནུ་ཞེས་ཞུ། ང་གཅིག་པ་རབ་བྱུང་བཞི་པའི་ལྕགས་ལུག་ཕྱི་ལོ་ ༡༢༡༡ ལོར་སྐུ་གཤེགས། གདན་ས་གཙོ་བོ་ནི་ར་ལུང་དགོན་པ་ཡིན། སློབ་མ་གྲགས་ཆེ་བ་ནི་དང་པོ་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མ་ཆེ་བ་ལོ་རྒོད་གཉིས་བཅས་ཡིན།

--

གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་འབྲུག་ཆེན་སྐུ་ཕྲེང་དང་པོ་

མིང་ཚིག

ཁོང་ནི། མྱང་སྟོད་ཁུ་ལེའི་ཆར་རྒྱའི་གྱད་རིགས་སུ། ཡབ་ཟུར་སོ་ཚབ་པེ་དང་། ཡུམ་མར་བཟའ་དར་སྐྱིད་ཟུང་གི་སྲས་སུ་རབ་བྱུང་གསུམ་པའི་ལྕགས་སྦྲུལ་ ༡༡༦༡ ལོར་འབྲོག་སྡེ་ཞིག་གི་ཁྱིམ་དུ་བལྟམས། སྐྱས་དང་ཐུག་ནས། ཡུམ་ལ་གྲོད་པ་རིལ་མོ་ཞིག་སྐྱེས་པས། ཡུམ་དངངས་ཏེ་བོར་བས། སླར་ཇོ་ཇོ་འོང་པ་ན། གྲོད་སྒོར་དེ་རྒོད་གི་གཤོག་པས་བཀབ་འདུག་པ་འཕུར་སོང་བས། ཁྱེའུ་ཞིག་འདུག་པ་ཁྱེར་ནས་གསོས། མཁར་ལུང་པ་སོགས་ལ་ཐོས་པ་ཕུལ་དུ་གྱུར་ནས། མཚན་ཉིད་ཀྱི་གྲྭ་སྐོར་མཛད་པས། གྲགས་པ་ཐོན། ཉེར་གསུམ་ན་གྲུབ་ཐོབ་གླིང་གི་དྲུང་སྣ་ཕུར་བྱོན། ཁྲིད་གདམས་ངག་ཞུས། རྔོག་རྡོ་རྗེ་སེང་གེ་ལ། དགྱེས་གདན་ཡ་གསུམ་གསན། ཉེར་བརྒྱད་ས་སྤྲེལ་ལོར་རྗེ་གླིང་རས་གཤེགས། ལོ་དེའི་དགུན་ཁར་མཁར་ཆུར་བྱོན་ནས་སྒོམ་པས། ཕྱག་རྒྱ་ཆེན་པོའི་རྟོགས་པ་ནམ་མཁའ་ལ་མདུང་བསྐོར་བ་བཞིན་དུ་སོང་། རོ་སྙོམས་ཀྱི་གདམས་པ་གཏེར་ནས་བཞེས། སེང་གདོང་མས་ལུང་བསྟན་པ་ལྟར། ཙ་རིའི་གནས་སྒོ་ཕྱེས། རྡོ་རྗེ་ཕག་མོས། བསྟན་པ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པར་ལུང་བསྟན། འཁོར་ལོ་སྡོམ་པས་བདེ་གཤེགས་མོས་པར་འཚང་རྒྱ་བའི་ལུང་བསྟན་ཐོབ། ཟླ་བ་གསུམ་སྐྱིལ་ཀྲུང་གཅིག་གིས་བཞུགས་པ་ན། སངས་རྒྱས་བདུན་གྱིས་རྟེན་འབྲེལ་གྱི་གདམས་པ་བསྩལ། སོ་གསུམ་ལ་ཞང་གི་དྲུང་དུ་བསྙེན་པར་རྫོགས། ནཱ་རོའི་སྤྲུལ་པ་ཡིན་པར་གསུང། སོ་བཞི་ལ་ཀློང་རྡོལ་བཏབ། ཞེ་ལྔ་པ་ཤིང་གླང་བོད་ཟླ་གསུམ་པར་གནམ་འབྲུག་ཕྱག་བཏབ། ཉིན་དེར་འབྲུག་མ་སྨད་དགུ་ནམ་མཁར་སོང་ནས་སྐད་ཐེངས་གསུམ་བསྒྲགས་པས། དགོན་པའི་མིང་དང་ཆོས་བརྒྱུད་ལ་འབྲུག་པ་ཐོགས། ར་ལུང་སོགས་ཀྱི་གདན་ས་རྣམས་བཏབ། སོ་བཞི་ནས་ང་གཅིག་གི་བར། འགྲོ་དོན་མཛད་པས། ཞེ་གཅིག་ལ་འཁོར་འགྱེད་དང་པོ་དང་། ཞེ་བདུན་ལ་གཉིས་པ། སྐུ་འདས་རྗེས་སློབ་མ་རྣམས་ཕྱོགས་སུ་གྱེས་པ་ལ། འཁོར་འགྱེད་གསུམ་པའི་ཐ་སྙད་བྱས་པ་ཡིན། འཁོར་རབ། སྟེང་ལྷ། འོག་ཀླུ་དང་ལྷ་མིན། བར་མི་ཡི་འཇིག་རྟེན་གཞན་དུ་དང་། འབྲིང་། ཨུ་རྒྱན། ཤམྦྷ་ལ། སིངྒ་གླིང་། གསེར་གླིང་། ཟངས་གླིང་སོགས་དང་། ཐ་མ། ཛ་ལནྡྷ་ར་ནས་རྒྱ་ནག་པོའི་ཚུན་གང་བར་གྲགས་སོ། །ང་གཅིག་པ་ལྕགས་ལུག ༡༢༡༡ ལོའི་བོད་ཟླ་དགུ་པའི་ཉེར་ལྔ་ལ་གཤེགས་སོ། །སྐུ་གདུང་ཞུགས་ལ་སྦྱངས་པ་ན། སྐུ་རུས་རྣམས་ལྷ་སྐུ་དང་རིང་བསྲེལ་གྱི་ཕུང་པོར་གྱུར་ཅིང། ཁྱད་པར་སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིགས་ཉི་ཤུ་རྩ་གཅིག་བྱོན་ཏོ། །རྗེ་འདིའི་སློབ་མ་ནི། དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་བརྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས་ཞེས་གྲགས་ལ། རྣལ་འབྱོར་གསུམ། རས་པ་གསུམ། ཞིག་པོ་བཞི། དམ་པ་རྣམ་གསུམ་སོགས་དབུ་ཆེ་གདུགས་ཐོགས་པ་ཉིས་སྟོང་བརྒྱད་བརྒྱ་ལ་སོགས་པ་དེ་དག་ལས་གྱེས་པ་ལ་སྟོད་འབྲུག སྨད་འབྲུག། བར་འབྲུག གདན་ས་བརྒྱུད་པ་དང་། ཕ་ཇོ་འབྲུག་སྒོམ་ཞིག་པོ་ལས་ལྷོ་འབྲུག་བྱུང་། མདོར་ན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་གྲགས་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པ་དེ་བྱུང་ངོ་། །

--

གཙང་པོ་

མིང་ཚིག

1 རྒྱུན་སྤྱོད། རྒྱུག་ཆུའམ་ཆུ་བོ་ཆེན་པོ་སྤྱིའི་མིང་སྟེ།

དཔེར་ན། ལྷ་སའི་གཙང་པོ། གཙང་པོ་བརྒལ་ནས་ཕྱིན་ལྟ་བུ།

2 བོད་དབུས་ཀྱི་ཆུ་ཆེན་དང་པོ་ཡར་ཀླུང་གཙང་པོའི་བསྡུས་མིང་།

--

གཙང་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་སྡེ་བརྒྱ་དང་བཅུ་གསུམ་

མིང་ཚིག

ལོ་རྒྱུས། ༡ སྙེ་མོ་རྒྱལ་བྱེད་ཚལ། ༢ ལྷ་རི། ༣ ཉུག་མོ་ལུང་བྱམས་ཚལ། ༤ སྟེང་པ། ༥ རྒྱས་སྟེང༌། ༦ གཡག་སྡེ་སོག་པར་ཆོས་སྡེ་དགའ་ལྡན་ལྷུན་པོ། ༧ རྒྱལ་བྱེད་རི་ཁྲོད་དབུས་རྡི། ༨ གཞུ་ནང་རབ་རྒྱས་གླིང༌། ༩ བྲག་དཀར་དགོན། ༡༠ གཞུ་བྱང་གླིང། ༡༡ གཞུ་ནང་ཀུན་དགའ་ར་དགོན། ༡༢ དོ་བོ་དགོན། ༡༣ གཡག་སྡེ་དགའ་ལྡན་དགེ་འཕེལ། ༡༤ རོང་བྱམས་གླིང་ངམ་བྱམས་ཆེན་ཆོས་སྡེ། ༡༥ རོང་གི་ལྷན་བ་སོ་ཆོས་སྡེ། ༡༦ ལྷ་ཁུད་ཀྱི་དབེན་རྩ་ཆོས་སྡེ། ༡༧ གཙང་པོ་བྱང་ཁར་ཤངས་མདོ་རི་བོ་དགེ་འཕེལ། ༡༨ ཤངས་འབྲས་སྤུངས། ༡༩ ཤངས་སྤོར་ཐོག། ༢༠ བ་ཤེལ། ༢༡ ཤངས་ཡོལ་དཀར་ཆོས་སྡེ། ༢༢ ཤངས་ཀྱི་གྲྭ་ཚང་ཆེན་མོ། ༢༣ གཙང་པོ་ལྷོ་ཁའི་གྲྭ་ཚང་ཆེན་མོར་གྲགས་པ་ཉང་སྨད་བཀྲ་ཤིས་ལྷུན་པོ། ༢༤ ལྟག་ལ་ནུབ་གངས་ཅན་ཆོས་འཕེལ། ༢༥ ཉང་གཞུང་འབྲོང་རྩེ་ཆོས་སྡེ་ཐར་པ་གླིང༌། ༢༦ ཉང་སྟོད་དཔལ་འཁོར་བདེ་ཆེན། ༢༧ ཉང་སྟོད་གནས་སྙིང་དགོན། ༢༨ ཤབ་སྟོད་ལྷུན་པོ་རྩེའི་ཆོས་སྡེ། ༢༩ རོག་ཚོ་ཆོས་སྡེ་བསམ་གྲུབ་བདེ་ཆེན། ༣༠ བཞད་བཀྲ་ཤིས་དགེ་འཕེལ། ༣༡ གཅེན་ལུང་མཁའ་སྤྱོད་དགོན། ༣༢ འོད་ཡུག་བྲག་དཀར་དགོན། ༣༣ རྒྱང་རུ་གསེར་སྡིངས་དགོན། ༣༤ རི་ཁྲོད་དགའ་ལྡན། ༣༥ རྩེ་ཆེན་ཆོས་སྡེའི་མངོན་དགའ་གྲ་ཚང༌། ༣༦ རླངས་པ་གསེར་གླིང༌། ༣༧ རིན་ཆེན་སྒང༌། ༣༨ པ་སྣམ་ཁུལ་བསམ་སྡིངས་དགོན། ༣༩ བསམ་གླིང་པ། ༤༠ ཐར་པ་བ། ༤༡ ཤངས་རྒོད་ཚང་རི་ཁྲོད། ༤༢ གཡང་ཆོས་སྡེ། ༤༣ སྲོལ་དར་རྒྱས་སྒྲུབ་སྡེ། ༤༤ ཆུམས་ལྷ་སྡིངས། ༤༥ རིན་ཆེན་སྒང༌། ༤༦ གཞིས་རྩེ་ཁུལ་གདོང་དཀར་རི་བོ་མདངས་ཅན། ༤༧ རྟ་ནག་མཁར་ཆོས་སྡེ། ༤༨ རྟ་ནག་གསེར་གླིང༌། ༤༩ རྟ་ནག་ས་རྡོ་རྗེ་གདན། ༥༠ རྟ་ནག་ཨོ་རྒྱན་ཆོས་རྫོང༌། ༥༡ བཞད་གྲྭ་ཚང་ཆེན་མོ། ༥༢ བཞད་སྟེང་ཁ་དགོན། ༥༣ བཞད་འབྲོང་ཕུ་དགོན། ༥༤ སྟག་ལུང་ཟླ་བ་ཕུག ༥༥ བཀྲ་ཤིས་སྡིངས། ༥༦ གློ་སྦུག ༥༧ རྟ་ནག་ལ་ཁ་དགོན། ༥༨ རི་ཁུད་དགོན། ༥༩ རྟ་ནག་ས་སྡེ་ཆེན། ༦༠ ལྷུན་གྲུབ་རྩེ་ཆོས་སྡེ། ༦༡ བཞད་དགའ་ལྡན་ཆོས་སྡིངས། ༦༢ བཞད་བྲེས་ཁ་དགོན། ༦༣ འབྲོང་ཕུ་དགོན་གསར། ༦༤ བཞད་དབེན་ས་དགེ་འཕེལ། ༦༥ དཔལ་སྣར་ཐང༌། ༦༦ རྒྱལ་ཆེན་རྩེ་ཆོས་སྡེ། ༦༧ གནས་ཆོས་སྡེ། ༦༨ སྔོན་མོ་རྫོང་རྡོ་རྗེ་གདན། ༦༩ སེང་གེ་རྩེ་ཆོས་སྡེ། ༧༠ བྱང་ཆེན། ༧༡ དཔལ་སྡིངས་དགོན། ༧༢ རོག་ཚོ་སྒྲུབ་སྡེ། ༧༣ ནམ་མཁའ་ཆོས་མཛོད། ༧༤ ཤེལ་དཀར་ཆོས་ལུང༌། ༧༥ ལྕགས་ཟབ་མོ་བྲག ༧༦ དགའ་ལྡན་དར་རྒྱས་གླིང༌། ༧༧ དངོས་གྲུབ་ཆོས་རྫོང༌། ༧༨ འགྲིག་ནོར་བུ་སྒང༌། ༧༩ ངམ་རིང་ངང་རིངས་ཆོས་སྡེ། ༨༠ སྡེ་གུང་པ། ༨༡ དགའ་ལྡན་བདེ་གླིང་ཤར་པ། ༨༢ ཅུང་རྟ་ཤར་བ། ༨༣ ཅུང་འབུམ་སྤོ་ཐོག་བཀྲ་ཤིས་སྒང༌། ༨༤ བསམ་གྲུབ་དགའ་ལྡན། ༨༥ མདོག་བུམ་པ། ༨༦ ཆོས་ལུང་ལྷོ་པ། ༨༧ སྤང་ཡུལ་བདེ་བ་ཅན་པ། ༨༨ ལུང་དགའ་ལྡན། ༨༩ མདོ་མཁར་དགའ་ལྡན་དར་རྒྱས་གླིང༌། ༩༠ ས་ལུང་དགའ་ལྡན་ཆོས་འཁོར། ༩༡ མང་མཁར་ཆོས་སྡིངས། ༩༢ མང་མཁར་ཆ་ལུང༌། ༩༣ ལྡོག་མཁར་ཆུང༌། ༩༤ ལྡོག་གསང་སྔགས་མཁར་། ༩༥ ཟེ་མཁར་ཆོས་སྡེ། ༩༦ སྨན་ཁབ་དཔལ་སྡིངས་དགོན། ༩༧ མང་དུར་དགའ་ལྡན་བསམ་གཏན་གླིང༌། ༩༨ གླང་སྣ་སྦུག ༩༩ བོད་ཤོད་རི་བོ་ཆེ། ༡༠༠ ལོ་ལོ་ཆོས་འཁོར། ༡༠༡ འདོད་རྒྱས་དགོན། ༡༠༢ ཤྲཱི་བྱང་ངོས། ༡༠༣ ཕ་དྲུག་ཆོས་གླིང༌། ༡༠༤ གྲམ་མཚོ་རབ་བརྟན་ཆོས་ལུང༌། ༡༠༥ བོང་ཤོད་བྲག་དཀར་། ༡༠༦ སོས་སྔ་རྫོང་ཕུག། ༡༠༧ མན་དུར་ཇོ་དགོན། ༡༠༨ ཕ་དྲུག་བཀྲ་ཤིས་དགའ་ལྡན། ༡༠༩ ལྡོག་དགའ་ལྡན་བཀྲ་ཤིས་ཆོས་སྡིངས། ༡༡༠ གཏིང་སྐྱེས་བཀྲ་ཤིས་ཆོས་འཕེལ། ༡༡༡ དཔེ་རྩ་དགོན། ༡༡༢ དགའ་ལྡན་སྤོར་ཐོག། ༡༡༣ ཟར་ཆོས་འཁོར་བདེ་ཆེན།

--

གཙང་བ་

རྒྱན་ཚིག

1 ཡོངས་སུ་དག་པ་སྟེ།

དཔེར་ན། དཔལ་འབྱོར་གྱི་མ་རྩ་མེད་ཀྱང་བུ་ལོན་གཙང་བ།

2 གཙང་མ་དང་དོན་འདྲ་སྟེ།

དཔེར་ན། ཨ། ཕ་ཡུལ་གྱི་ས་གཞི་འདི་འདྲའི་གཙང་བ་ལ་ལྟ་བུ།

ལྡོག་ཚིག བཙོག་པ།

--

གཙང་བཀའ་བརྒྱད་དགོན་

མིང་ཚིག

གནས་འདིར་ཐོག་མར་ཨོ་རྒྱན་སངས་རྒྱས་གཉིས་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་མ་ཟད། སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་གནང་བས་གནས་ཀྱི་མཚན་ལ་བཀའ་བརྒྱད་ཅེས་ཐོགས་པ་དང་། ཕྱིས་སུ་ཀུན་མཁྱེན་པདྨ་དཀར་པོ་དང་ཅོག་གྲྭ་རིན་ཆེན་དཔལ་བཟང་ཟུང་གི་ཐུགས་སྲས་བསམ་ཆོས་སྤྲུལ་སྐུ་སྐུ་ཕྲེང་དང་པོ་མི་ཕམ་ཡོངས་འདུས་སམ་རིན་ཆེན་བསྟན་པ་རྒྱལ་མཚན་མཆོག་ནས་གདན་ས་ཐོག་མར་ཕྱག་འདེབས་གནང་མཛད་པ་ནས་མཚན་ཡང་བཀའ་བརྒྱད་དགོན་ཞེས་ཐོགས། སྐབས་དེར་སློབ་ཚོགས་མང་པོ་འདུས་ཏེ་གཙོ་བོ་སྒྲུབ་པ་ཉམས་ལེན་ལ་བཞུགས་པ་མ་ཟད། ཚེ་མཚམས་སུ་བཞུགས་མཁན་ཡང་དྲུག་ཅུ་རྩ་གྲངས་ཡོད་པར་གྲགས། རྗེས་སུ་དགོན་འདིའི་དགོན་བདག་བསམ་འགྲུབ་ཆོས་ལྡིངས་དགོན་ནས་མཛད་དེ་གྲ་རྒྱས་ཕུན་སུམ་ཚོགས་པོ་བྱུང་ཡོད། རྒྱ་དམར་གྱི་ཉམས་ཉེས་མ་བྱུང་བའི་སྔོན་དུ་གཙང་ཤར་ཕྱོགས་དགའ་ལྡན་རིན་པོ་ཆེ་དགོན་འདིར་བླ་ཚབ་ཏུ་ཡུན་རིང་བཞུགས་པར་གྲགས། དེ་རྗེས་བསམ་ཆོས་དགོན་ནས་སྐད་དོང་རིན་པོ་ཆེ་གནས་དེར་ཕེབས་ཏེ་གདན་ས་སྐྱོང་བཞིན་བཞུགས། རྒྱ་དམར་གྱི་ཉམས་ཉེས་སྐབས་དགོན་སྡེ་གཞན་ལྟར་ཡོངས་སུ་འཐོར་ཞིག་ཏུ་སོང་། སླར་བསྟན་པ་ཡང་དར་སྐབས་ཁུལ་དེ་གའི་རྒན་ཉི་མ་ཆོས་གྲགས་ལགས་ནས་སྔར་གྱི་དགོན་ཤུལ་དུ་སླར་གསོ་ཞུས་ཏེ་དེང་སྐབས་ལྷའུ་དགོན་ནས་བཙུན་མ་ལྔ་ཙམ་ཕེབས་ཏེ་ཆོས་ལུགས་རྙིང་མ་བའི་ལུགས་ལྟར་གདན་ས་སྐྱོང་བཞིན་འདུག་པ་བཅས་སོ། །

--

གཙང་བཙོག་

རྒྱན་ཚིག

གཙང་མ་དང་བཙོག་པ་གཉིས་ཀྱི་བསྡུས་ཚིག་སྟེ།

དཔེར་ན། ཟ་མ་གཙང་བཙོག་མེད་པར་ཟ་མི་རུང་། སྐད་ཆ་གཙང་བཙོག་མེད་པར་བཤད་ལྟ་བུ།

--

གཙང་བཤང་

མིང་ཚིག

མི་གཙང་བའི་གད་སྙིགས་སོགས་གཙང་མ་བཟོས་པའི་དོན།

--

གཙང་བཤལ་

མིང་ཚིག

ཆུ་སོགས་ཀྱིས་དྲི་མའི་ལྷག་མ་དག་པར་བཀྲུ་བའི་བྱ་བའི་མིང་སྟེ།

དཔེར་ན། སྣོད་ཆས་རྣམས་གཙང་བཤལ་བཏང་ལྟ་བུ།

--

གཙང་བཤུས་

མིང་ཚིག

ཡི་གེ་དང་རི་མོ་སོགས་མ་དཔེ་ནང་བཞིན་ཇི་མ་ཇི་བཞིན་དཔེ་བཤུ་གཙང་མར་བྲིས་པ་སྟེ།

དཔེར་ན། ཆིངས་ཡིག་གཙང་བཤུས་བརྒྱབ། ང་རང་གིས་ཡི་གེ་དེ་གཙང་བཤུས་བྱས་པ་ཡིན་ལྟ་བུ།

--

གཙང་བཤེར་

མིང་ཚིག

གནས་ཚུལ་ལམ་གནད་དོན་དག་ལ་རེ་རེ་བཞིན་ཞིབ་ཚགས་ནན་ཏན་གྱིས་བརྟག་དཔྱད་གཏོང་བའི་བྱ་སྤྱོད་ཀྱི་མིང་སྟེ།

དཔེར་ན། ལངས་ཕྱོགས་ཀྱི་གནད་དོན་གཙང་བཤེར་བྱེད་པ། དངུལ་གྱི་རྩིས་གཙང་བཤེར་ཡག་པོ་བྱས་པ་ལྟ་བུ།

--

གཙང་བསམ་འགྲུབ་ཆོས་ལྡིངས་དགོན་

མིང་ཚིག

དགོན་པ་འདི་ནི་བོད་དབུས་ཕྱོགས་གཙང་མྱང་སྨད། གཞིས་ཀ་རྩེའི་གྲོང་ཁྱེར་གྱི་ས་ཁད་ཉེ་སར་དགོན་པ་འདི་ཆག་བཏབ་ཡོད། དགོན་གནས་འདིའི་ཆགས་ཡུལ་ནི། རྒྱབ་རི་རྗེ་བཙུན་སྒྲོལ་མའི་དབྱིབས་སུ་ཡོད་པའི་སྐུ་པང་དུ་ཆགས་ཡོད། གདན་ས་ཇི་ལྟར་བཏབ་པའི་སྐོར། གདན་ས་འདི་ནི་ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་བསམ་ཆོས་སྤྲུལ་སྐུ་སྐུ་ཕྲེང་དང་པོ་རིན་ཆེན་བསྟན་པ་རྒྱལ་མཚན་མཆོག་ནས་བཏབ་པའི་འབྲུག་པ་དཀར་བརྒྱུད་པའི་དགོན་སྡེ་ཞིག་ཡིན་ཅིང་། དེ་ཡང་རྗེ་དེ་ཉིད་ཐོག་མར་ཟུར་གསང་སྔགས་གླིང་པའི་གྲོང་ཚོའི་བྱང་ངོས་ཀྱི་མ་ལུང་བྲག་ཕུག་དེར་སྒྲུབ་པ་ཉམས་ལེན་ལ་བཞུགས་པའི་སྐབས། དགོན་པ་ཞིག་འདེབས་དགོས་དགོངས་ནས་བརྟག་པ་མཛད་པས་ཉིན་ཞིག་དྷརྨཱ་ཞེས་སཾ་སྐྲ་ཏའི་སྐད་དུ་བྱས་པའི་དཔེ་ཆ་ལྡེབ་མ་ཞིག་ནམ་མཁར་རླུང་གིས་འཁྱེར་བྱུང་བས་བླ་མའི་ཐུགས་ལ་དགོན་པ་འདེབས་རྒྱུའི་ལུང་བསྟན་དུ་དགོངས་ནས་ལས་དང་སྨོན་ལམ་གྱི་སྟོབས་ལས་ངའི་དགོན་པ་འདེབས་སའི་གནས་དེར་ཡི་གེ་འདི་བབ་པར་ཤོག་ཅེས་སྨོན་ལམ་དང་བཅས། ཉེ་གནས་རྗེས་སུ་བཏང་བས་ད་ལྟའི་དགོན་གནས་ཆགས་ཡུལ་འདིར་ཅུང་ཟད་ལྡིངས་བ་དང་ཆབས་ཅིག་ས་ཆ་དེར་བབས། བླ་མར་ཞུས་པས་བླ་མ་ཐུགས་མཉེས་ཏེ་ང་རང་གི་བསམ་པ་ལྟར་གྲུབ་སོང་བས་གནས་འདིར་ཆོས་སྡེ་བསམ་འགྲུབ་ཆོས་ལྡིངས་ཞེས་པ་འདེབས་དགོས་གསུངས་ཏེ་དགོན་འདི་ཕྱག་བཏབ་པ་དང་། སློབ་ཚོགས་མང་དུ་བསྐྱངས་ཏེ་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་རྣམས་སྨིན་པར་མཛད། མཐར་གདན་ས་འདི་གར་དགོངས་པ་རྫོགས། གཉིས་པ། ཆོས་རྗེ་དོན་གྲུབ་རྣམ་རྒྱལ། གསུམ་པ། ངག་དབང་དཔལ་བཟང་མཆོག་གྲུབ། བཞི་པ། དཔག་བསམ་འཕྲིན་ལས་ཡར་འཕེལ། ལྔ་པ། ངག་དབང་བསྟན་འཛིན་འགྱུར་མེད། དྲུག་པ། ངག་དབང་འགྱུར་མེད་ལྷུན་གྲུབ། བདུན་པ། ངག་དབང་ལེགས་བཤད་ཡོན་ཏན་རྒྱ་མཚོ། བརྒྱད་པ་ད་ལྟ་འཚོ་བཞིན་བཞུགས་པའི་སྤྲུལ་སྐུ། བསྟན་འཛིན་བློ་གྲོས་དཔལ་ལྡན་དང་བཅས་སྐུ་ཕྲེང་ན་རིམ་གྱིས་གདན་ས་བསྐྱངས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་ཉམས་ཉེས་དགོན་སྡེ་སྤྱི་མཚུངས་བཞིན། ཕྱི་ལོ་ ༡༩༨༥ ལོ་ནས་སླར་ཡང་རྟེན་དང་བརྟེན་པར་བཅས་པ་སླར་གསོ་ཞུས། དེང་སྐབས་དགོན་འདིར་བླ་གྲྭ་བཅོ་ལྔ་ཙམ་ཡོད་པ་རྣམས་ཀྱིས། སྔར་གྱི་སྒྲུབ་མཆོད་ཁག་མ་ཉམས་གོང་འཕེལ་ཡོང་ཆེད་དུ། བོད་ཟླ་དང་པོའི་ཚེས་ ༡ ནས་ ༡༥ བར་ཆོ་འཕྲུལ་དུས་ཆེན་དང་སྦྲགས་བླ་མ་མཆོད་པའི་སྒྲུབ་མཆོད། བཞི་པར་སྨྱུང་གནས་ཆ་བརྒྱད་གཏོང་བ་དང་། དྲུག་པའི་ཚེས་བཞི་དང་ལྔ་གཉིས་ལ་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཚེ་སྒྲུབ་དང་། བཅོ་བརྒྱད་དང་བཅུ་དགུ་ལ་བླ་མ་གོང་མའི་དགོངས་རྫོགས་ཀྱི་མཆོད་འབུལ། དགུ་པའི་ལྷ་བབས་དུས་ཆེན་བླ་མ་མཆོད་པའི་སྒྲུབ་མཆོད། བཅུ་གཉིས་པའི་ནང་མགོན་པོའི་སྒྲུབ་མཆོད་བཅས་མ་ཉམས་པར་ཚུགས་བཞིན་ཡོད་འདུག

--

གཙང་བྱ་ཁྱུང་དགོན་

མིང་ཚིག

བྱ་ཁྱུང་དགོན་ནམ། མིང་གཞན་ཀུན་བཟང་ཆོས་གླིང་དགོན་ཡང་ཟེར་ཞིང་། དགོན་འདི་ནི་བོད་དབུས་ཕྱོགས། རྒྱལ་རྩེ། སྟག་རྩེ་གྲོང་། གུ་ལ་གྲོང་ཚོའི་བྱང་ངོས་ཀྱི་རི་ལྡེབས་ཤིག་ཏུ་ཆགས་ཡོད་ཅིང་། ཐོག་མར་ཕྱག་འདེབས་པ་པོ་སུ་ཡིན་གསལ་པོར་མ་རྟོགས་ཀྱང་ད་བར་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་འབྲུག་པ་བཀའ་བརྒྱུད་པའི་གདན་ས་ཡིན་ཞེས་རྒན་རབས་ཁག་གི་ངག་རྒྱུན་དུ་གྲགས། ཐོག་མར་བྱ་ཁྱུང་དགོན་ཞེས་པ་དེ་ད་ལྟ་སླར་གསོ་ཞུས་ཟིན་པའི་ས་ཆ་འདིར་མ་ཡིན་པར། དགོན་འདིའི་ཤར་ཕྱོགས་ཀྱི་ལུང་གཞུང་དུ་དགོན་ཤུལ་ཙམ་ལྷག་པ་དེར་ཡིན་འདུག སྔར་དགོན་དེར་གྲྭ་ཚང་སུམ་བརྒྱ་ལྷག་ཙམ་ཡོད་པའི་ཆོས་སྡེ་ཞིག་ཡིན་པ་ལ་སོག་པོ་ཇུན་གར་བའི་དམག་གིས་རྩ་མེད་དུ་བཏང་། དེ་རྗེས་སྐབས་ཤིག་ཁམས་ནས་ཕེབས་པའི་བླ་མ་ཐུབ་བསྟན་འཇམ་དབྱངས་ལགས་ནས་གཙང་གླིང་བུ་དགོན་དུ་ཡུན་རིང་བཞུགས། དེ་རྗེས་རྒྱ་གར་དུ་གནས་སྐོར་བར་བྱོན། ཕྱིས་གཞིས་རྩེ་བརྒྱུད་གུ་ལ་བླ་བྲང་དུ་ཕེབས་པ་དང་རིམ་བཞིན་བྱ་ཁྱུང་དགོན་དུ་མཚམས་ཁང་ཞིག་བསྐྱར་བཞེངས་གནང་སྟེ་སྒྲུབ་པ་ཉམས་ལེན་ལ་བཞུགས་པས་བཙུན་མ་མང་དུ་འདུས། ཕྱི་ལོ་ ༡༩༤༠ ལོར་ཁོང་ནས་བྱ་ཁྱུང་དགོན་གྱི་གྱང་རོ་རྣམས་རང་གར་བཞག་སྟེ། ད་ལྟ་སླར་གསོ་ཞུས་ཟིན་པའི་དགོན་གནས་འདིར་བཙུན་དགོན་ཞིག་གསར་བཞེངས་གནང་བ་དང་། བཙུན་མ་མི་ཉུང་བ་ཞིག་གསོ་སྐྱོང་གནང་སྟེ། དགོན་པའི་མཚན་ལ་ཀུན་བཟང་ཆོས་གླིང་ཞེས་གསོལ། རྒྱ་དམར་གྱི་ཉམས་འོག་འཐོར་ཞིག་ཏུ་སོང་། ༡༩༩༣ ལོར་སྐྱིད་ཕུག་དགོན་པའི་གྲྭ་རྒན་སྐལ་བཟང་བསྟན་དར་ལགས་ནས་གཙོ་འགན་འོག་སྔར་གྱི་དགོན་ཤུལ་དུ་གཙུག་ལག་ཁང་དང་། སྒོ་འཕྱོར་གྱི་གཡས་གཡོན་དུ་ཁང་པ་བཅས་རྟེན་དང་བརྟེན་པར་བཅས་གསར་བཞེངས་གནང་བ་མ་ཟད། རང་ལུགས་ཀྱི་ཆོ་ག་ཕྱག་ལེན་ཁག་སློབ་ཁྲིད་གནང་། ཕྱི་ལོ་ ༢༠༠༦ ལོར་དགོངས་པ་རྫོགས། དེང་སྐབས་དགོན་འདིར་བཙུན་མ་བཅུ་ཙམ་ཡོད་པ་རྣམས་སྐྱབས་རྗེ་དགའ་ལྡན་རིན་པོ་ཆེ་མཆོག་གི་ཞབས་དྲུང་དུ་ཕྱག་ཆེན་གྱི་ཁྲིད་སོགས་ཞུས་ཏེ་ལོ་རེས་མོས་ཀྱིས་བཙུན་མ་གཉིས་རེ་སྐུ་མཚམས་ལ་བཞུགས་ཀྱི་ཡོད། སྒྲུབ་མཆོད་ཁག་གི་སྐོར། བོད་ཟླ་དྲུག་པའི་ནང་འབུམ་སྒྲོག་ཞུ་བ། བོད་ཟླ་དགུ་པའི་ལྷ་བབ་དུས་ཆེན་ཉིན་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་མཆོད། དེ་བཞིན་གཤིན་གསོན་གང་རུང་གི་ཞབས་རིམ་རྣམས་དུས་ཐོག་ཏུ་བྱེད་བཞིན་པ་བཅས་སོ། །

--

གཙང་བྱེད་

མིང་ཚིག

1 མངོན་བརྗོད། མེ་ཡི་མིང་སྟེ། མེ་ཡིས་དངོས་པོ་རྣམས་བསྲེགས་ནས་གཙང་མར་བྱེད་པས་དེ་ལྟར་བཏགས།

2 རྩྭ་ཀུ་ཤའི་མིང་སྟེ། རྩྭ་འདིས་ཞལ་ཁྲུས་མཛད་ནས་མི་དགེ་བ་དག་པར་བྱེད་པའི་ཕྱིར་རྩྭ་དེ་ལ་དག་བྱེད་དང་གཙང་བྱེད་ཀྱང་ངོ་།

3 བརྒྱ་བྱིན་གྱི་མིང་སྟེ། འདི་ཉིད་མཆོད་སྦྱིན་ཡང་དག་པར་བྱེད་པའི་གཙོ་བོ་ཡིན་པས་གཙང་བྱེེད་དམ་གཙང་བྱེད་མགོན་པོ་ཞེས་ཟེར།

--

གཙང་བྱེད་ཀྱི་ལས་

མིང་ཚིག

ཆོས་ལུགས། མདོ་ནས་གསུངས་པའི་ལས་ཀྱི་བྱེད་ལས་སྒོ་ནས་དབྱེ་བ་ལྔའི་ནང་གསེས་ཤིག ལུས་ངག་ཡིད་ཀྱི་ལེགས་པར་སྤྱད་པ་ཐམས་ཅད་ནི་གཙང་བྱེད་ཀྱི་ལས་ཏེ། དེ་དག་གིས་དུས་རེ་ཞིག་དང་། གཏན་དུ་ཉེས་པར་སྤྱད་པའི་ཉོན་མོངས་པ་བཀྲུ་བའི་ཕྱིར་རོ། །ལེགས་པར་སྤྱད་པ་ནི་དགེ་བ་ཡིན་ནོ། །དེ་དག་གི་དགོས་པ་ནི་ལོག་པའི་ཐུབ་པ་མི་སྨྲ་བར་འདུག་པ་ཙམ་གྱིས་འདག་པར་ལྟ་བ་ལ་མོས་པའམ། ཡང་ན་སེར་སྐྱ་དང་རྐང་མིག་ལ་སོགས་པ་ལོག་པའི་ཐུབ་པ་དང་། ལུས་ཀྱི་དྲི་མ་དག་པ་ཙམ་གྱིས་འདག་པར་ལྟ་བ་འཇུག་ངོགས་བཞིར་ཁྲུས་བྱེད་པ་ལ་སོགས་པ་གཙང་བྱེད་མ་ཡིན་པ་ལ་ཡིན་པར་མོས་པ་དགག་པའི་ཕྱིར་རོ། །

--

གཙང་བྱེད་ཀྱི་ལས་གསུམ་

མིང་ཚིག

ཆོས་ལུགས། མདོ་ནས་གསུངས་པའི་ལས་ཀྱི་བྱེད་ལས་སྒོ་ནས་དབྱེ་བ་ལྔའི་ནང་གསེས་ཤིག ལུས་ངག་ཡིད་ཀྱི་ལེགས་པར་སྤྱད་པ་གསུམ་པོ་སྟེ། ལུས་ཀྱི་ལེགས་པར་སྤྱད་པ་ཐམས་ཅད་ནི་ལུས་གཙང་བྱེད། ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་ཐམས་ཅད་ནི་ངག་དང་ཡིད་གཙང་བྱེད་དེ་རྣམ་པ་གསུམ་ཡིན་ནོ། །ཅིའི་ཕྱིར་ན་དེ་དག་གིས་དུས་རེ་ཞིག་དང་། གཏན་དུ་ཉེས་པར་སྤྱད་པའི་ཉོན་མོངས་པ་བཀྲུ་བའི་ཕྱིར་རོ། །དེ་ལས་ཟློག་པ་ལུས་ཀྱི་ལས་ལ་སོགས་པ་ངག་དང་ཡིད་ཀྱི་སྟེ་མི་དགེ་བ་གསུམ་ཉེས་པར་སྤྱད་པ་གསུམ་དུ་འདོད་དོ། །

--

གཙང་བྱེད་གསུམ་

མིང་ཚིག

ཆོས་ལུགས། མདོ། མངོན་པ། སྒོ་གསུམ་གྱི་ཟག་མེད་ཀྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་གཙང་བྱེད་རྣམ་པ་གསུམ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །མཛོད་འགྲེལ་མངོན་པའི་རྒྱན་ལས། ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་གསུམ་པོ་ཐམས་ཅད་ནི་ལུས་དང་ངག་དང་ཡིད་གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། གཙང་བྱེད་ནི་དུས་རེ་ཞིག་དང་གཏན་དུ་ཉེས་པར་སྤྱོད་པའི་དྲི་མ་སྤོང་བའི་ཕྱིར་རོ་ཞེས་སོ། །

--

གཙང་བྱེད་རྣམ་པ་གསུམ་

མིང་ཚིག

ཆོས་ལུགས། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་བཞི་པ་ལས་བྱུང་བ་སྟེ། ལུས་གཙང་བྱེད། ངག་གཙང་བྱེད། ཡིད་གཙང་བྱེད་དོ། །

--

གཙང་བྲིས་

མིང་ཚིག

1 ཡི་གེའམ་རི་མོ་མཐའ་མའི་གཏན་འབེབས་བྱས་ཏེ་གཙང་བཤུས་བརྒྱབ་པའི་དོན་ཏེ།

དཔེར་ན། རྩོམ་ཡིག་གི་ཐ་མའི་ཞུ་དག་གྲུབ་སྟེ་གཙང་བྲིས་བྱས་ལྟ་བུ།

2 གཙང་པའི་འབྲི་རྒྱུན་ལྟར་གྱི་རི་མོའམ་ཡི་གེའི་དོན་ཏེ།

དཔེར་ན། གཙང་བྲིས་ཀྱི་ཚུགས་མ་འཁྱུག་ལྟ་བུ།

--

གཙང་བློ་གྲོས་བརྟན་པ་

མིང་ཚིག

རབ་བྱུང་བདུན་པའི་ཆུ་རྟ་ཕྱི་ལོ་ ༡༤༠༢ ལོར་གཙང་གི་ཤངས་མགྲོན་ཁང་དུ་སྐུ་འཁྲུངས། ཆུང་དུས་ནས་གནས་རྙིང་དུ་རབ་ཏུ་བྱུང། རྗེ་ཙོང་ཁ་པ་ཆེན་པོ་དང་རྒྱལ་ཚབ་དར་མ་རིན་ཆེན་སོགས་བསྟེན། གསུང་རབ་ཀུན་དང་ཁྱད་པར་དུ་བྱམས་ཆོས་ལ་སྦྱངས། ལོ་ཤས་རིང་གསང་ཕུ་ཁུ་སྤེ་གྲྭ་ཚང་གི་འཆད་ཉན་པར་བཞུགས། ཨེ་དྭགས་སུ་བྱོན་ནས་དྭགས་པོ་གྲྭ་ཚང་བཙུགས། ཨེ་དྭགས་ལྷོ་དང་ཡར་སྟོད་སོགས་སུ་ཕེབས། དྭགས་པོ་གྲྭ་ཚང་གི་འཆད་ཉན་པར་མཁན་ཆེན་ངག་དབང་གྲགས་པ་བསྐོས། དགའ་ལྡན་བྱང་རྩེར་བྱོན། དོན་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ཕྱི་ལོ་ ༡༤༧༣ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་དྲུག་རིང་བསྐྱངས། ཟབ་རྒྱས་ཆོས་འཁོར་བསྐོར། དོན་དྲུག་པ་རབ་བྱུང་བརྒྱད་པའི་ས་ཁྱི་ཕྱི་ལོ་ ༡༤༧༨ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བདུན་པ་ཡིན། ་གསུང་རྩོམ་ནི་རྣམ་འགྲེལ་གྱི་ལམ་བསྒྲིགས་དང་། བྱམས་ཆོས་ཕྱི་མ་བཞིའི་ཊཱིཀྐ་བཅས་བཞུགས་སློབ་མ་གྲགས་ཆེ་བ་ནི་གཡའ་བཟང་རྡོ་རྗེ་རིན་ཆེན་དང་། དྭགས་པོ་བློ་གྲོས་མཐའ་ཡས། གྲགས་པ་མཐའ་ཡས། མཁན་ཆེན་ངག་དབང་གྲགས་པ་བཅས་ཡིན། །

--

གཙང་མ་

རྒྱན་ཚིག

1 དངོས་རྫས་བཙོག་དང་བྲལ་པའམ་དྲི་མས་མ་གོས་པའི་དོན་ཏེ། མིང་མཐའ་བསྡུས་ན་གཙང་ཞེས་འབྲི་ཆོག

དཔེར་ན། ཤིང་ཏོག་གཙང་མ། ཆུ་གཙང་མ་ལྟ་བུ།

ལྡོག་ཚིག བཙོག་པ། འདྲ་ཚིག གསལ་པོ། ཡང་དག སླད་མེད། བཅོས་མིན། གཡོ་མེད། གཤའ་མ། དྭངས་གཙང་། དག་མ།

2 བསམ་བློ་མ་རུང་པ་དང་སྤྱོད་པ་ངན་པ་སོགས་ཀྱིས་ཤན་ཤུགས་མ་ཐེབས་པའི་དོན་ཏེ།

དཔེར་ན། སེམས་གཙང་མ། ཀུན་སློང་གཙང་མ། དད་པ་གཙང་མ། དམ་ཚིག་གཙང་མ། ལག་གཙང་མ་ལྟ་བུ།

མིང་ཚིག

མངོན་བརྗོད། བོད་ཟླ་ལྔ་པའི་མིང་སྟེ། དུས་འདིར་ཆར་ཆུ་བྲུག་ནས་ས་གཞི་དང་ལྗོན་ཤིང་སོགས་གཙང་མར་བྱེད་པས་ནའོ། །

--

གཙང་མ་མཐོང་བའི་ལེའུ་

མིང་ཚིག

སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་ཐ་པར་བཞུགས།

--

གཙང་མཆོད་

མིང་ཚིག

བཙོག་པའི་དྲི་མས་མ་སྦགས་ཤིང་ཕུད་མ་ཉམས་པའི་མཆོད་པ་སྟེ།

དཔེར་ན། དཀོན་མཆོག་ལ་གཙང་མཆོད་ཕུལ་ལྟ་བུ།

--

གཙང་མའི་གནས་

མིང་ཚིག

ཆོས་ལུགས། བསམ་གཏན་བཞི་པའི་ལྷའི་གནས་རིས་ཤིག

--

གཙང་མའི་གནས་ལྔ་

མིང་ཚིག

ཆོས་ལུགས། འཕགས་པ་ཁོ་ན་གནས་པའི་གཟུགས་ཁམས་ཀྱི་གནས་ལྔ་སྟེ། མི་ཆེ་བ་དང༌། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམ་སྣང་བ། འོག་མིན་བཅས་སོ། །

--

གཙང་མའི་ཆབ་གསུམ་

མིང་ཚིག

ཆོས་ལུགས། བོན། ཆོ་ག་ལ་མཁོ་བའི་ཁྲུས་ཆབ་ཞིག་སྟེ། གསུམ་ནི། ལྷ་ཚངས་པ་དབང་བའི་འོ་མའི་ཆབ། མི་དབང་བའི་ཆུ་བོ་ཆུ་བྲན་གཙང་མའི་ཆབ། ཀླུ་དབང་བའི་བིང་ང་དང་ཆུ་མིག་གི་ཆབ་དང་གསུམ་སྟེ། ངན་སོང་སྐྱེ་སྒོ་གཅོད་པའི་མདོ་ལས། བསིལ་ཆབ་འོ་དཀར་ཚངས་པ་ལྷའི་ཆབ། ཆུ་བོ་ཆུ་བྲན་དག་པ་མིའི་ཆབ། བིང་ང་ཆུ་མིག་གཙང་མ་ཀླུའི་ཆབ། ཆུ་གསུམ་གཙང་མར་སྦྱར་བའི་ཁྲུས་ཆབ་འདིས། ཞེས་སོ། །

--

གཙང་མའི་ཆབ་ལྔ་

མིང་ཚིག

ཆོས་ལུགས། བོན། དབང་པོ་དང་ལས་སྒྲིབ་སོགས་དག་པའི་བརྡ་མཚོན་པའི་རྫས་ཞིག་ཡིན། རྣམ་གྲངས་ནི། ༡ བདུད་རྩིའི་ཚན་ཆབ། བ་དཀར་འོ་མའི་ཚན། རྒྱ་མཚོ་གླིང་དགུའི་ཚན་ཆབ། སྐྱི་འདང་གི་ཚན་ཆབ། རླངས་སྤྲིན་གྱི་ཚན་ཆབ་དང་ལྔའོ། ། ༢ ལྷའི་དབང་བའི་བདུད་རྩིའི་ཆབ། གཉན་གྱི་དབང་བའི་ཆར་གྱི་ཆབ། བརྒྱ་བྱིན་དབང་བའི་བ་དཀར་འོ་མའི་ཆབ། ཀླུ་རྒྱལ་དབང་བའི་རྒྱ་མཚོའི་ཆབ། ཀོང་ཙེའི་དབང་བའི་གསོས་ཀྱི་བིང་བ་ཆུ་མིག་ཆབ་དང་ལྔའོ། །

--

གཙང་མའི་ཆོས་ཀྱི་ལེའུ་

མིང་ཚིག

སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་ཐ་པར་བཞུགས།

--

གཙང་མའི་ཟས་ལྡན་

མིང་ཚིག

ཆོས་ལུགས། བོན། རྣམ་རྒྱལ་མཆོད་གཞུང་ལས་བཀྲ་ཤིས་ཡོན་ཏན་གྱི་མཆོད་པ་བཅུ་ལས་གཅིག་ཡིན་ཏེ། མཆོད་པ་དེའི་རང་བཞིན་ནི་རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། གཙང་མའི་ཟས་ལྡན་ནི། རྩི་ཏོག་སྙིང་པོ་མར་དང། ཤིང་ཏོག་སྙིང་པོ་བུ་རམ། མེ་ཏོག་སྙིང་པོ་སྦྲང་དང་། འབྲུ་ཡི་སྙིང་པོ་ཏིལ་དང། ཆུ་ཡི་སྙིང་པོ་ལན་ཚ་དང་། རྩི་ཡི་སྙིང་པོ་འོ་མ་དང་དྲུག གཞན་ཡང་སྨན་གྱི་ཆུ་བོ་དང་། འབྲུ་སྨན་མེ་ཏོག་དང་བཅུའོ། །ཞེས་སོ། །

--

གཙང་མའི་ཟླ་བ་

མིང་ཚིག

མངོན་བརྗོད། བོད་ཟླ་དྲུག་པ་སྟེ། ཆར་ཆུ་བབས་ནས་ས་གཞི་གཙང་མར་གྱུར་བའི་ཟླ་བ་ཡིན་པས་སོ། །

--

གཙང་ཟོན་

མིང་ཚིག

བོད་ཀྱི་ས་ཁུལ་གཙང་ནས་བཟོས་པའི་བོད་ལྷམ་ཟོན་པ་ལ་གཙང་ཟོན་ཟེར།

--

གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་

མིང་ཚིག

གཙང་འགྲམ་ལྷ་ཁང་གི་མིང་གཞན།

--

གཙང་འགྲམ་ལྷ་ཁང་

མིང་ཚིག

སྲོང་བཙན་སྒམ་པོའི་སྐབས་ཕྱག་བཏབ་པ་གཙང་གཞིས་ཀ་རྩེའི་ས་ཁུལ་དུ་ཡོད་པའི་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག དེ་ཡང་སྲིན་མོའི་དཔྱི་མགོ་གཡས་གནོན་པའི་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་བཞེངས་ཞེས་གྲགས་པ་དེ་ཡིན། གཙང་གཞིས་ཀ་རྩེའི་ས་ཁུལ་དུ་ཡོད།

--

གཙང་འཕྱར་

མིང་ཚིག

འབྲུ་རླུང་ལ་ཕྱར་ཏེ་གད་གཙང་བཟོ་བའི་བྱ་བའི་མིང་སྟེ།

དཔེར་ན། འབྲུ་རིགས་གཙང་འཕྱར་བྱས་ཚར་ལྟ་བུ།

--

གཙང་འཕྲོག་

མིང་ཚིག

དངོས་རྫས་སོགས་རྦད་དེའམ་རྩད་ནས་འཕྲོག་པའི་དོན་ཏེ།

དཔེར་ན། ཕ་མེས་ཀྱི་ཁྱིམ་གཞིས་ཆ་ཚང་གཙང་འཕྲོག་བྱས་ལྟ་བུ།

--

གཙང་རབ་གསལ་

མིང་ཚིག

དུས་རབས་དགུ་པའི་སྟོད་དུ་འཇད་འཁྱེལ་དུ་སྐུ་འཁྲུངས། རབ་བྱུང་དང་། དགེ་ཚུལ་དགེ་སློང་གི་སྡོམ་པ་རིམ་གྱིས་བཞེས། མདོ་སྔགས་ཀྱི་གཞུང་ལུགས་ལ་ནང་བྱན་ཆུད་པ་མཛད། ཆུ་ཕག་ཕྱི་ལོ་ ༨༤༣ ལོར་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོས་དབུས་གཙང་གི་སངས་རྒྱས་བསྟན་པ་བསྣུབས་ཏེ། རབ་ཏུ་བྱུང་བ་རྣམས་ལ་རི་དྭགས་བརྔོན་དུ་བཅུག་པའི་ཚུལ། དཔལ་ཆུ་བོ་རི་ལ་སྒྲུབ་པ་ཉམས་ལེན་མཛད་པའི་དགེ་སློང་གཙང་རབ་གསལ་གྱིས་རིག་སྟེ། རི་དྭགས་བདའ་མཁན་བཙུན་པ་ཨད་དན་ཅིག་པ་དང་། ལྷ་ལུང་འཚག་པོ། ཞ་སྔ་ཁྱམས་པོ་གསུམ་ལ་རབ་ཏུ་བྱུང་། རི་དྭགས་བདའ་དགོས་དོན་ཞིབ་ཏུ་དྲིས་པའི་ལན་དུ། བཙུན་པ་གསུམ་པོས་མགྲིན་གཅིག་ཏུ་རྒྱལ་པོ་དར་མས་དབུས་གཙང་གི་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཏེ། རབ་བྱུང་རྣམས་ལ་བཀའ་ཆད་ཕོག་པའི་ཚུལ་རྣམས་ཞུས། དགེ་སློང་གཙང་རབ་གསལ་དང་། དམར་ཤཱཀྱ་མུ་ནེ། གཡོ་དགེ་བའི་འབྱུང་གནས་གསུམ་གྱིས་སྤྲང་ཆས་སྤྲད་དེ། དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས་དཔལ་ཆུ་བོ་རི་ལས། སྟོད་མངའ་རིས་བརྒྱུད་བྱང་ལམ་དེད་དེ། མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་དེའུ་ཚྭ་མཚོ་རྒྱུད་རྨ་ལུང་རྡོ་རྗེའི་བྲག་དན་རིག་ཤེལ་གྱི་ཡང་དགོན་དུ་བདེ་བར་ཕེབས། བོད་ལུགས་ཤིང་ཕོ་སྟག་ཕྱི་ལོ་ ༨༩༤ ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་གཙང་རབ་གསལ་དང་། དམར་ཤཱཀྱ་མུ་ནེ། གཡོ་དགེ་བའི་འབྱུང་གནས་གསུམ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་མནོས། བོད་ཡུལ་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་བསྐྲུན་པ་ཡིན། བོད་ཀྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་མཁས་པ་མི་གསུམ་ནང་གི་ཡ་གྱལ་ཞིག་ཡིན།

--

གཙང་རིས་

མིང་ཚིག

1 གཙང་པའི་ལག་རྒྱུན་གྱི་ཡི་གེ་དང༌། རི་མོ།

2 ཆོས་ལུགས། གནས་གཙང་མའི་ལྷ་གནས།

--

གཙང་རིས་པ་

མིང་ཚིག

ཆོས་ལུགས། གནས་གཙང་མའི་ལྷ་ཡི་མིང་།

--

གཙང་རུམ་

མིང་ཚིག

བོད་ཀྱི་ས་ཆ་གཙང་ནས་ཐོན་སྐྱེད་བྱས་པའི་རུམ་གདན་ལ་གཙང་རུམ་ཟེར།

--

གཙང་རྒྱལ་བྱེད་ཚལ་དགོན་པ་

མིང་ཚིག

ཀུན་མཁྱེན་པདྨ་དཀར་པོས་ཕྱག་བཏབ། མཚན་གཞན་དགའ་ལྡན་གསང་སྔགས་ཐེག་མཆོག་གླིང་ཞུ། གཙང་རྒྱལ་རྩེ་རྫོང་འབྲོང་རྩེ་གྲོང་ལྷན་ཁོངས་སུ་གཏོགས་ཤིང་། འབྲོང་རྩེ་དགོན་ནས་སྤྱི་ལེ་ལྔ་ཙམ་ལྷོ་ངོས་སུ་སོང་ན་དགོན་དེར་འབྱོར་ཐུབ། དེ་དུས་སུ་འབྲུག་པ་བཀའ་བརྒྱུད་པའི་བཤད་སྒྲུབ་གཉིས་ལྡན་གྱི་གདན་ས་ཆེ་གྲས་ཤིག་ཡིན་ཅིང་རྒྱ་གར་གྱི་རྒྱལ་བྱེད་ཚལ་ལ་དཔེ་བྱས་ཏེ་མཚན་ཡང་རྒྱལ་བྱེད་ཚལ་ཞེས་བཏགས། དེ་ནས་ད་བར་བགྲང་བྱ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན། སྔར་ཀུན་མཁྱེན་སྐབས་དགོན་འདིར་དགེ་འདུན་སྟོང་ཕྲག་མང་པོ་འདུས་པ་མ་ཟད་གྲུབ་མཐའ་རིས་མེད་ཀྱི་དགེ་བཤེས་མང་པོ་གདན་ས་འདི་ནས་ཀུན་མཁྱེན་གྱི་དངོས་སློབ་ཏུ་གྱུར་པའི་ལོ་རྒྱུས་ལྡན། ཡོངས་འཛིན་ངག་དབང་བཟང་པོས་གདན་ས་འདི་ཡུན་རིང་བསྐྱངས་ཞེས་ལོ་རྒྱུས་ཁག་ལས་གསལ། སྐབས་དེར་དགོན་འདི་ནི་འབྲུག་པ་བཀའ་བརྒྱུད་པའི་བཤད་པ་གྲྭ་ཚང་ཆེ་གྲས་ཤིག་ཡིན་པ་མ་ཟད་སྒྲུབ་གྲྭ་སོགས་ཆ་ཚང་བའི་དགོན་སྡེ་ཞིག་ཡིན། རྒྱལ་བ་ལྔ་པའི་དུས་སུ་བསྒྱུར་གླིང་བཅུ་སུམ་གྲས་སུ་རྙིང་དགོན་དུ་བསྒྱུར་ནས་མཚན་ཡང་ཐེག་མཆོག་གླིང་ཞེས་བཏགས་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བཟང་རིག་རྒྱལ་མཁན་པོར་གཏོང་གནང་མཛད་དེ་དགེ་འདུན་ཞལ་གྲངས་ ༡༣༠ གཏན་འཁེལ་མཛད། སྔོན་འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་ཉི་ཤུ། གཙང་ཁང་སྦུག་མར་རྟེན་གཙོ་ཛྷཻ་ཀྵིཾ་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་གསུམ་ཉན་ཐོས་དང་བཅས་པ། སྨན་འདམ་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད། འདུ་ཁང་ནུབ་ངོས་སུ་ཛྷཻ་ཀྵིཾ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་གསུང་བྱོན་མ་སོགས་དང་། ལྡེབས་རིས་སུ་སྲུང་མ་ཁག་དང་། གུ་རུའི་འཁྲུངས་རབས་བཅས་ཡོད། གཞན་ཡང་དགོན་དེར་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་དགུ་ནས་བྱང་གཏེར་ཕུར་པའི་སྒོ་ནས་རྩ་འཆམ་དང་། ཚེས་བཅུ་ནས་གསང་འདུས་ལེའུ་བརྒྱད་པའི་སྒོ་ནས་གར་འཆམ་གནང་སྲོལ་ཡོད། ཕྱི་ལོ་ ༡༩༨༧ ལོར་རྟེན་དང་བརྟེན་པར་བཅས་ཉམས་གསོ་ཞུས་ཡོད། དགོན་པའི་སྟོད་ཙམ་དུ་སློབ་དཔོན་གྱི་སྒྲུབ་ཆུ་རྩ་ཆེན་ཞིག་ཀྱང་ཡོད། ཡང་དགོན་དེ་ནས་རྐང་ཐང་དུ་ཆུ་ཚོད་ཁ་ཤས་སོང་ན་ལྷ་ཐོ་ཆེ་ཞེས་པའི་ལྷ་རི་དེ་མཇལ་བ་ཡིན། རི་དེ་ནི་མྱང་ཡུལ་གྱི་རི་བོ་མཐོ་ཤོས་ཡིན་པས་རི་དེར་སྒྲུབ་ཕུག་བརྒྱ་དང་བརྒྱད། ལྷ་ཐོ་བརྒྱ་དང་བརྒྱད། ལྷ་ཐོ་ནི་ལྷ་གནས་སའི་ལོག་ཆུང་ངམ་ཁང་ཆུང་ཙོག་ཙོག་གི་མིང་། ཆུ་མིག་ ༡༠༨ དུར་ཁྲོད ༡༠༨ བཅས་ཡོད་པ་དང་། བསྟན་པ་སྔ་དར་དུས་གངས་རི་ཡིན་ཞེས་བཤད་སྲོལ་ཡོད་པ་བཅས་སོ། །

--

གཙང་རྨེ་

རྒྱན་ཚིག

གཙང་མ་དང་བཙོག་པའི་མིང་སྟེ།

དཔེར་ན། བཻ་རོའི་འདྲ་འབག་ཆེན་མོ་ལས། སྣང་སྲིད་ཐམས་ཅད་བདུད་རྩི་ཡིན་པས་གཙང་རྨེ་ཡེ་ནས་མེད་ཅེས་འབྱུང་བ་ལྟ་བུ།

--

གཙང་རྩིས་

མིང་ཚིག

འགྲོ་སོང་གི་རྩིས་ཁམས་གཙང་མའམ་གསལ་པོ་རྒྱག་པའི་དོན་ཏེ།

དཔེར་ན། ཚོགས་པ་ཞིག་ལ་མཚོན་ན་གཙང་རྩིས་རྒྱག་དགོས་པ་ནི་ཧ་ཅང་གལ་ཆེ་ལྟ་བུ།

--

གཙང་ལེགས་གྲུབ་

མིང་ཚིག

སད་མི་མི་བདུན་གྱི་ཡ་གྱལ་ཞིག་སྟེ། རྒྱ་གར་དུ་ཆོས་ལེན་དུ་ཕེབས་སྐབས་ལམ་བར་ནས་སྐུ་སྲོག་ཤོར་བའི་བོད་ཀྱི་ལོ་ཙཱ་བ་ཞིག

--

གཙང་ཤོག་

མིང་ཚིག

1 བོད་ཀྱི་ས་ཁུལ་གཙང་ནས་ཐོན་སྐྱེད་བྱས་ཏེ་ཐོན་པའི་ཤོག་བུའི་མིང་ལ་ཟེར།

2 ཤོག་བུ་གཙང་མའམ་ལག་པ་སོགས་འཕྱི་བྱེད་ཀྱི་ཤོག་བུའི་མིང་སྟེ།

དཔེར་ན། གསང་སྤྱོད་ནང་དུ་གཙང་ཤོག་བཞག་ལྟ་བུ།

--

གཙང་སིང་ངེ་བ་

རྒྱན་ཚིག

རྙོག་མ་དང་མི་གཙང་བའི་རྡུལ་སྙིགས་རིགས་མེད་པའི་རྣམ་པ་སྟེ།

དཔེར་ན། སྤང་ལྗོངས་གཙང་སིང་ངེ་བ་ཞིག་གི་ཐོག་ཏུ་གུར་ཕུབ་ལྟ་བུ།

--

གཙང་སེལ་

མིང་ཚིག

ཤུལ་ལམ་ལྷག་མ་མེད་པར་དག་གཙང་བཟོས་པའི་བྱ་བའི་མིང་སྟེ།

དཔེར་ན། ཁ་མཆུ་གཙང་སེལ་བྱས། བུ་ལོན་གཙང་སེལ་ཐུབ་པ་བྱུང་ཡོད་ལྟ་བུ།

--

གཙང་སྒར་གྱི་འཇམ་དབྱངས་གསུམ་

མིང་ཚིག

ལོ་རྒྱུས། བཀྲ་ཤིས་འཁྱིལ་གྱི་སྔ་མོའི་གྲྭ་རྒྱུན་འཇམ་དབྱངས་ཨ་རྫིས། འཇམ་དབྱངས་རག་པ། འཇམ་དབྱངས་ཁ་ཆེ།

--

གཙང་སྟོད་དམ་ཆོས་དཔལ་འབར་

མིང་ཚིག

རབ་བྱུང་དགུ་པའི་ཆུ་ལུག་ཕྱི་ལོ་ ༡༥༢༣ ལོར་གཙང་སྟོད་གནས་ཀྱི་ཁང་དམར་ཤར་དུ་འཁྲུངས། རབ་བྱུང་བཅུ་པའི་ས་ཕག་ཕྱི་ལོ་ ༡༥༩༩ ལོར་སྐུ་གཤེགས། གནས་ཀྱི་ཆོས་སྡེར་རབ་ཏུ་བྱུང་། པཎ་ཆེན་གནས་པའི་དྲུང་ནས་སློབ་གཉེར་མཛད། མཁས་པའི་སྙན་གྲགས་ཕྱོགས་བཅུར་རྒྱས། དབུས་སུ་ཕེབས། བྲག་དབར་གྱི་འཆད་ཉན་པ་མཛད། བྱམས་ཆེན་གནས་བཅུའི་གོས་སྐུ་དང་། མགོན་ཁང་གསར་མ་དང་བཅས་པ་བཞེངས། ཡི་དམ་དང་། མགོན་པོ། རང་བྱུང་རྒྱལ་མོའི་སྐུ་འདྲ་དང་། རིག་གྲ་ལྔ་མཆོད། བྱམས་སྨོན་གསར་འཛུགས་གནང་། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་རྭ་སྒྲེང་དུ་ཕེབས། སྤྱི་བླ་ཡང་མཛད། ཀ་གཉིས་མའི་གསེར་ཐོག་ཞིག་གསོ་དང་། ཉི་ཤུ་རྩ་བཞིའི་གསར་བཞེངས། ཆོས་སྡེ་གཙང་དགོན་ལ་སྦྱར་བ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། བྱང་རྩེར་ཕེབས་ནས་འཆད་ཉན་བསྐྱངས། རེ་བདུན་པ་རབ་བྱུང་བཅུ་པའི་ས་གླང་ཕྱི་ལོ་ ༡༥༨༩ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་བརྒྱད་རིང་བསྐྱངས། འཆད་ཉན་ལེགས་པར་མཛད། ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། དོན་བཞི་པར་ཟུར་བཞུགས་མཛད། དོན་བདུན་པ་རབ་བྱུང་བཅུ་པའི་ས་ཕག་ཕྱི་ལོ་ ༡༥༩༩ ལོར་སྐུ་གཤེགས། དུས་མཆོད་ཀྱང་ལེགས་པར་ཚུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉི་ཤུ་རྩ་དྲུག་པ་ཡིན།

--

གཙང་སྟོན་རྡོ་རྗེ་རྒྱལ་མཚན་

མིང་ཚིག

ཁོང་ནི་རབ་བྱུང་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༡༣༧ ལོར་བུ་འབོར་སྒང་གི་ས་ཆ། འབའ་རོང་གཙང་ཆེན་ཟེར་བའི་ཁྱིམ་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། ཆུང་ནས་རང་ཡུལ་དུ་འབྲི་ཀློག་སོགས་ལ་མཁས་པར་བསླབ། དགུང་ལོ་བཅུ་བདུན་ཐོག་ཚེ་རབས་ཀྱི་དམ་པ་རིན་པོ་ཆེ་མཇལ། དེ་ནས་བཟུང་བླ་མའི་ཆག་ཕྱིར་མེ་ཉག་དང༌། གླིང་སོགས་ལ་ཕེབས། སློབ་གཉེར་དང༌། ཞབས་ཏོག་ཟུང་འབྲེལ་མཛད། དགུང་ལོ་ཉེར་གཅིག་ཐོག་འབྲི་དུས་རིར་འབྲི་ཏི་ར་དགོན་དུ་བཞུགས། ལོ་ཉི་ཤུ་རྩ་གསུམ་པར་ཀུན་མཁྱེན་དམ་པ་རིན་པོ་ཆེ་དང་ལྷན་དུ་ཀཿཐོག་འཚོལ་བར་བྱོན། གཙུག་ལག་ཁང་བཞེངས་པའི་གཙོ་བའི་ཁུར་གནང༌། ཐོས་བསམ་གྱི་སྒྲོ་འདོགས་དང༌། གདམས་ངག་ཞུན་ཐར་བཅད། བསྙེན་སྒྲུབ་སྒོམ་པའི་རྟགས་ཚད་བརྙེས། ཀུན་མཁྱེན་དམ་པ་རིན་པོ་ཆེས་འདའ་ཁར་པཎ་ཞུ་དང་བེར་ཐུལ་གནང་ནས་སློབ་ཚོགས་ཡོངས་ཀྱི་ནང་ནས་ཐུགས་ཀྱི་སྲས་དམ་པར་མངའ་གསོལ་བས་གདན་ཚབ་ཏུ་བཞུགས། ཆོས་རྗེ་ཉིད་ཀྱིས་ཀྱང༌། དབུ ས་གཙང་དང༌། མདོ་ཁམས་སྟོད་སྨད་ནས་བྱུང་བའི་སྐལ་ལྡན་སློབ་མ་སྟོང་ཕྲག་མང་པོ་ལ་སྣེ་ལེན་དང༌། བརྩེ་བ་ཆེན་པོས་རྗེས་སུ་བཟུང༌། རབ་བྱུང་དང་དབྱར་གནས་ཀྱི་མཁན་པོ་མཛད། ཚོགས་སྒྲུབ་ཀྱི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་ཁུར་གནང༌། སློབ་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ། ཕྱི་འདུལ་བ་དང་མཐུན་པའི་ཀུན་སྤྱོད་དུལ་ཞིང་ངུར་སྨྲིག་རྒྱན་གྱིས་མཛེས། ནང་བྱང་ཆུབ་སེམས་ཀྱིས་རྒྱུད་འབྱོངས་བས་གདུལ་བྱ་རྗེས་སུ་བཟུང་བའི་སྤོབས་པ་མཐོ། གསང་བ་སྔགས་ཀྱི་ལྟ་སྒོམ་རྣམ་པར་དག་པས་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། གྲུབ་མཐའ་རིས་སུ་མ་ཆད་པ་ལ་དག་སྣང་ཡུག་གཅིག་ཏུ་བརྡལ་བས་ཀུན་གྱི་གཙུག་ན་མངོན་པར་མཐོ། ཁྱད་པར་མདོ་སྒྱུ་དང་སེམས་ཕྱོགས་ཀྱི་བཤད་ཁྲིད་གནང་སྐབས། ཁོག་བཀྲོལ་དང༌། དོགས་གཅོད་གཏིང་ཟབ་མཛད་པས་མཁས་དབང་ཀུན་གྱི་ཡིད་འཕྲོག དགུང་ལོ་ང་དྲུག་ནས་དགུ་བཅུའི་བར་གདན་ས་བསྐྱངས། ཀཿཐོག་པ་ཆོས་རྗེ་རིན་པོ་ཆེ་ཞེས་གངས་ཅན་གྱི་ལྗོངས་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ། རྗེ་སྤོམ་བྲག་པས་ཀཿཐོག་པ་ཆོས་རྗེ་རིན་པོ་ཆེའི་སྙན་གྲགས་ཤིན་ཏུ་ཆེ་གྲགས་པ་མ་བཟོད་ནས་དགོངས་པ་གཏད་དེ་བརྟགས་པས་ཐུགས་རབ་ཏུ་འཚེངས་ཏེ་ཀཿཐོག་ཏུ་བྱོན། ཆོས་རྗེ་རིན་པོ་ཆེ་ལས་སྒྱུ་འཕྲུལ་གྱི་དབང་གསན། བླ་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། མཁས་དང་གྲུབ་པའི་ཡོན་ཏན་ངོ་མཚར་ཆེ་བའི་ལོ་རྒྱུས་ཀརྨ་པ་དུས་གསུམ་མཁྱེན་པའི་རྣམ་ཐར་གར་གྱི་ཕྲེང་བ་ལས་གསལ་བ་ལྟར་རོ། །དེ་ནས་ཐུགས་ཀྱི་སྲས་བྱམས་པ་རིན་པོ་ཆེ་ལ་གདན་ས་གཏད་དེ། དགུང་ལོ་དགུ་བཅུ་པ་རབ་བྱུང་བཞི་པའི་མེ་ཁྱི་རྒྱལ་ཟླ་ཚེས་ཉི་ཤུ་ཕྱི་ལོ་ ༡༢༢༦ ལ་ཡ་མཚན་གྱི་ལྟས་དང་བཅས་ཞི་བར་གཤེགས་པ་ལ་སྐུ་གདུང་ཀུན་མཁྱེན་དམ་པ་རིན་པོ་ཆེའི་གདུང་འབུམ་དང་ལྷན་དུ་བཞེངས་པའོ། །

--

གཙང་སྣམ་

མིང་ཚིག

བོད་ཀྱི་ས་ཆ་གཙང་ཁུལ་ནས་ཐོན་སྐྱེད་བྱས་ཤིང་ཐོན་པའི་སྣམ་བུ་ལ་གཙང་སྣམ་ཟེར།

--

གཙང་སྤྱོད་

མིང་ཚིག

1 ཚངས་པར་སྤྱོད་པའམ་རྣམ་པར་དག་པའི་སྤྱོད་པ།

2 ཡུལ་སྐད། མི་གཙང་ཕྱི་ས་འདོར་སའི་ཁང་མིག་གི་མིང་སྟེ།

དཔེར་ན། ཁང་པ་གཙང་སྤྱོད་རང་འགྲིག་ལྟ་བུ།

--

གཙང་སྤྲོད་

མིང་ཚིག

གཞན་ལས་གཡར་བའི་བུ་ལོན་སོགས་ཆ་ཚང་གཙང་འཇལ་བྱས་པའི་བྱ་བའི་མིང་སྟེ།

དཔེར་ན། བུ་ལོན་གཡར་བ་རྣམས་དུས་ལྟར་གཙང་སྤྲོད་བྱས་ཡོད་ལྟ་བུ།

--

གཙང་སྦྱོར་

མིང་ཚིག

བརྡ་རྙིང་། གྲྭ་པ་རྣམས་ལ་ཟས་གཡོ་སྐོལ་བྱེད་མཁན་གྱི་མ་བྱན་ནམ་ཞལ་ཏ་བའི་མིང་སྟེ། དབྱངས་ཅན་དགའ་བློའི་བརྡ་དཀྲོལ་ལས། གཙང་སྦྱོར་བ་ནི་ཟས་ཀྱི་ཞལ་ཏ་བ་སྟེ་མ་བྱན་ནོ་ཞེས་འབྱུང་།

དཔེར་ན། མཛངས་བླུན་ཞེས་བྱ་བའི་མདོ་ལས། དེ་ནས་མི་དེས་གསེར་ཁུར་ཏེ་དགེ་འདུན་གྱི་ནང་དུ་སོང་ནས། དགེ་སློང་གི་གཙང་སྦྱོར་ལ་གསེར་ཕུལ་ཞེས་པ་ལྟ་བུ།

--

གཙང་སྦྲ་

མིང་ཚིག

རྒྱུན་སྤྱོད། ཁྲུས་དང་བྱི་དོར་གྱི་བྱ་བའི་མིང་སྟེ།

དཔེར་ན། ལས་ཁུངས་ནང་གཙང་སྦྲ་ལེགས་པོ་བྱས་འདུག་ལྟ་བུ།

--

གཙང་སྦྲ་གཉིས་

མིང་ཚིག

ཆོས་ལུགས། རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ལས་བྱུང་བ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་སེམས་ཅན་དད་པ་ཅན་ལ་ཕན་ཡང་དག་པར་སྟོན་པ། འཁོར་བའི་ཆོས་རྣམས་ལ་མངོན་པར་མི་དགའ་བས་སྡིག་པ་ཀུན་ཏུ་མི་སྤྱོད་པའི་གཙང་སྦྲའོ། །

--

གཙང་སྦྲའི་སྤྱོད་པ་དང་ལས་ཐམས་ཅད་ཀྱི་ཆོ་ག་སྒྲུབ་པའི་ལེའུ་

མིང་ཚིག

འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།

--

གཙང་སྨན་ཡེ་ཤེས་བཟང་པོ་

མིང་ཚིག

རབ་བྱུང་བཅུ་གཉིས་པའི་མེ་ཕག་ཕྱི་ལོ་ ༡༧༠༧ ལོར་གཙང་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། བཅོ་བརྒྱད་པར་ལྷ་སར་ཕེབས། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཞུགས། བླ་སྨན་ཐབས་མཁས་སོགས་ལོ་ངོ་བཅུ་དགུའི་རིང་བསྟེན། སྨན་རྩིས་ཀྱི་གཞུང་སྦྱངས་པ་མཛད། སོ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ ༡༧༤༣ ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀའ་ལྟར། མཚོ་སྔོན་གྱི་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་མདོ་སྨད་ལ་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་དང་། བྱ་ཁྱུང་དགོན། རོང་བོ་དགོན་སོགས་སུ་བཞུགས། གསོ་རིག་གི་ཁྲིད་རྒྱུན་མང་དུ་སྤེལ། སློབ་མ་མང་པོ་གསོ་སྐྱོང་མཛད། དོན་བཞི་པ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་བླ་བྲང་ཆགས་ནས་གསོ་རིག་གཞན་ཕན་གླིང་ཕྱག་བཏབ། གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་སྨན་ངོས་འཛིན་གྱི་སྐོར་དང༌། ལག་ལེན་དམར་ཁྲིད་སྲོལ་བཏོད་པ་སོགས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ། འཆད་ཉན་སྤེལ་བཞིན་པའི་སྐབས་པའི་དགོངས་པ་ཆོས་དབྱིངས་སུ་གཤེགས། འདས་ལོ་མི་གསལ། སློབ་མ་གྲགས་ཆེ་བ་ནི་རྡོ་རྗེ་རབ་འབྱམས་པ་དང་། ལྔ་རིག་བློ་བཟང་དར་རྒྱས་ཡིན། གསུང་རྩོམ་ནི་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཀའ་བའིི་གནད་གསལ་འགྲེལ་ཆེན་དོན་གསལ་སྒྲོན་མེ་དང་། ཞལ་གདམས་མན་ངག་གནད་འགག་དོ་ཤལ་མཛེས་རྒྱན། རྨ་རིགས་བཅོས་ཐབས་ཡང་ཞུན་ནོར་བུའི་དོ་ཤལ། ཆིག་བརྒྱུད་གསང་སྨན་བདུད་རྩི་འཆི་གསོ་བཅས་ཆོས་ཚན་བཞི་བཅུ་ཞེ་དྲུག་ལོངས་པའི་པོད་གཅིག་བཞུགས།

--

གཙང་སྨྱོན་ཧེ་རུ་ཀ་

མིང་ཚིག

གཙང་སྨྱོན་ཧེ་རུ་ཀ་ནི། གཙང་ཉང་སྟོད་སྟག་ཚལ་མཁར་དཀར་དུ། ཡབ་ཉང་སྔགས་འཆང་དཔལ་ལྡན་དང༌། ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཆུ་སྤྲེལ་ ༡༤༥༢ ལོར་འཁྲུངས། བཅུ་གསུམ་པ་ལ་མཁན་ཆེན་ཀུན་དགའ་སངས་རྒྱས་པའི་དྲུང་དུ་རབ་ཏུ་བྱུང༌། མཚན་སངས་རྒྱས་རྒྱལ་མཚན་གསོལ། བཙན་དུག་ཐུམ་བུ་མགུལ་དུ་བཏགས་ཏེ། ཚུལ་ཁྲིམས་ཉམས་ན། འདི་འགམས་ནས་ཤི་མི་སྡོད་ན་གུར་མགོན་གྱིས་སྙིང་ཁྲག་ཕྱུང་ཞིག་གསུང་དབུ་སྙུང་བཞེས། བཅོ་བརྒྱད་པར་རྨི་ལམ་དུ་བུད་མེད་འགས་ཙ་རི་ལ་སོང་ཟེར་བ་བྱུང་བས་ཆོས་ལ་བྲོས། དྭགས་པོ་སྐྱིད་ཚལ་དུ་ཤ་ར་རབ་འབྱམས་པ་ཆོས་རྗེ་སངས་རྒྱས་སེང་གེ་དང་མཇལ། རྗེས་སུ་བཟུང༌ནས། མཚན་ཆོས་ཀྱི་གྲགས་པར་གསོལ། བླ་མས་བུ་གཙང་པ་ཆོས་ཀྱི་གྲགས་པ་ཁྱོད་ཡི་དམ་དགྱེས་རྡོར་ལ་གྱིས། བརྟག་གཉིས་སོགས་རྒྱུད་སྡེའི་སློབ་མཐར་ཕྱིན་པ་གྱིས། མ་འོངས་པ་ན་དགོས་པ་ཆེན་པོ་ཡོད། ཚེ་འདིར་མ་ལྟ་བར་སྒྲུབ་པ་གྱིས་ལ། སྐལ་ལྡན་རྣམས་སྨིན་གྲོལ་ལ་ཁོད་ཅིག་གསུངས། དཔལ་འཁོར་ཆོས་གྲྭར། གཡུ་ལུང་བ་ཡོན་ཏན་རྒྱ་མཚོ་དང༌། སློབ་དཔོན་ཀུན་དགའ་ཉི་མའི་དྲུང་ནས། རྒྱུད་བཤད་ཕྱག་ལེན་དང་བཅས་པ་ལོ་བཞིའི་བར་ལ་གསན་སྦྱང་མཛད། དཀའ་ཐུབ་དྲག་པོས་སྒྲུབ་པ་མཛད་པས། རྩ་ཐིག་རླུང་གི་གཟིགས་སྣང་དང་འོད་གསལ་ཁོར་ཡུག་ཏུ་འགྲོ་བ་བྱུང། སྐུ་གཅེར་བུར་རོ་ཐལ་བྱུགས་ཤིང༌། མི་རོའི་རྒྱུ་མས་ཕྱག་ཞབས་ཀྱི་རྒྱན་དུ་མཛད། མི་རོའི་སོར་མོ་རྣམས་བཅད་ནས། དབུ་སྐྲ་ལ་བཅིངས། རུས་རྒྱན་སྐུ་ལ་གསོལ། རེས་རྒོད། རེས་ངུ་བ་སོགས་སྤྱོད་ལམ་མཛད་པས། གཙང་པ་སྨྱོན་པ་ཞེས་ཕྱོགས་ཀུན་ཏུ་གྲགས། རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་ལས། བརྟག་གཉིས་དང་རྟོགས་པའི་འབྲེལ་གཏམ་ཟླ་བ་གཅིག་རིང༌གནང་། མགོན་པོ་ཕྱག་བཞི་པའི་རྗེས་གནང༌སོགས་གསན་ནས། བཀའ་གཏད་དང་མངའ་གསོལ་མཛད། རྡོ་ཁ་ཁྲས། དུག་མདའ་སོགས་མཚོན་ཆ་སྣ་ཚོགས་བསྣུན་ཅིང་། དབུ་དང་ཕྱག་ཞབས་སོ་སོར་ཕྲལ་ཏེ། གཏིང་རྡོ་བཅས་ཆུ་བོ་ཆེན་པོའི་ནང་བསྐྱུར། ནང་ཁྲོལ་རྣམས་ཀྱང་སོ་སོར་ཆུ་ནང་དུ་འཕངས་ཏེ། ཁུར་བོ་རྣམས་ཁུར་ནས་འགྲོ་གྲབས་ཡོད་ཚེ། ཆུའི་དབུས་ནས་སྐུ་སྔར་ལྟར་སྐྱོན་མེད་པར། གྱེན་དུ་འཕུར་བ་སོགས་མི་དང་མི་མིན་གྱི་གནོད་པས་མི་ཚུགས་པའི་རྣམ་ཐར་མང་། གདུལ་བྱ་རྣམས་ལ། མཁའ་འགྲོ་སྙན་རྒྱུད་དང༌། ཕྱག་ཆེན་ཆོས་དྲུག་གི་ཁྲིད་སོགས་གནང་། ཞེ་གསུམ་ལ། སྙན་རྒྱུད་རྡོ་རྗེ་ཚིག་རྐང་གི་རྒྱས་འགྲེལ་མཛད། ཞེ་བཞི་ལ་རྗེ་མི་ལའི་རྣམ་མགུར་གཉིས་ཡོངས་གྲགས་སུ་མཛད། ང་དྲུག་མེ་ཡོས་ ༡༥༠༧ ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ། རས་ཆུང་ཕུག་ཏུ་གཟུགས་སྐུ་བསྡུས་སོ། །སྐུ་གདུང་ལ་རིང་བསྲེལ་ཆེ་ཆུང་ཁ་དོག་ལྔ་ལྡན་སོགས་བྱུང་། བ་མ་ཡང་། རྟོགས་ལྡན་ཉེར་བརྒྱད། སྟོན་སྒོམ་ཉི་ཤུ། གསུང་གི་སྡུད་པ་པོ་རྒོད་ཚང་རས་པ་སྟེ་ཡོངས་གྲགས་སུ་ཐུགས་སྲས་ཞེ་དགུའོ། །སྒྲུབ་ཆེན་བཅོ་བརྒྱད། བླ་ཆེན་དྲུག བླ་ཕྲན་དྲུག་ཅུ། ཐུན་མོང་བའི་ཐུགས་སྲས་བརྒྱད། ལས་ཅན་གྱི་རྣལ་འབྱོར་མ་བཞི། ཡོན་སྒོམ་རྣམ་གཉིས། གཤིན་སྒོམ་རྣམ་གཉིས། ཞལ་མ་མཇལ་རུང་བྱིན་རླབས་ཞུགས་པའི་སློབ་མ་གཅིག་ནི། སྟག་རྩེ་ཀུན་སྤངས་ཆོས་རྗེའོ། །གཞན་ཡང་རང་གྲོལ་གྱི་རྟོགས་ལྡན་བདུན་བརྒྱ་དང་སུམ་ཅུ་རྩ་བདུན་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ནོ། །

མིང་གི་རྣམ་གྲངས།

རུས་པའི་རྒྱན་ཅན། ཆོས་ཀྱི་གྲགས་པ། མི་སྐྱོད་རྡོ་རྗེ། ཁྲག་འཐུང་རྒྱལ་པོ། སངས་རྒྱས་རྒྱལ་མཚན།